ན་མོ་གུ་རུ་ཨཱརྱ་ཛམྦྷ་ལ་ཡ་སརྦ་སིདྡྷི་མེ་པྲ་ཡཙྪནྡ། །རབ་མཛེས་ལི་ཁྲིའི་རྡུལ་བརྩེགས་ལྷུན་པོ་ལ། །རྣམ་མང་མཚན་དཔེའི་རྒྱན་གྱིས་སྤུང་པ་བཞིན། །ཡིད་འཕྲོག་འདོད་དགུའི་མཆོག་སྦྱིན་ཛམྦྷ་ལས། །འཛད་མེད་མཆོག་ཐུན་དངོས་གྲུབ་ཆར་དུ་བསྙིལ། །འདིར་གྲྭ་བ་མངོན་ཤེས་ཅན་གྱི་ལུགས་ཀྱི་ནོར་གྱི་བདག་པོ་འཕགས་པ་ཛམྦྷ་ལ་དམར་པོ་ལ་བརྟེན་ནས་ནོར་སྒྲུབ་བྱ་ཚུལ་ལ། །གྲུབ་ན་དམ་པའི་མན་ངག་ལྟར་གྱི་འཁོར་ལོ་བྲི་བའམ། །འཛམ་ལྷ་གཞན་གྱི་གཏེར་སྒྲུབ་ལྟར་གྱི་གཏེར་སྒྲོམ་འདུ་བྱས། གཏེར་རྫས་ཀྱང་རྐུ་འཕྲོག་སོགས་ཀྱི་རྫས་དང༌། དམ་སེལ་ཅན་གྱི་ལག་མ་བརྒྱུད་པ། བླ་མ་དགེ་བཤེས་རྒྱལ་པོ་དང༌། མི་གཡང་ཅན་གྱི་ལག་ནས་འོང་བ་གཟའ་སྐར་བཟང་པོ་དང་བསྟུན་ཏེ་རྫས་བསགས། འཛམ་དམར་གྱི་སྐུ་བརྙན་སོར་བཞི་པ་བྲིས་འབུར་གང་རིགས་ཀྱི་ཐུགས་ཀར་སྔགས་ཀྱི་མཐར། འཕགས་པ་ཛམྦྷ་ལ་བརྟེན་འདིར་བརྟན་པར་བཞུགས་ནས་ཁམས་གསུམ་གྱི་སྣོད་བཅུད་མཁོ་དགུའི་དཔལ་འབྱོར་ལེགས་པའི་ཚོགས་ཐམས་ཅད་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ། ཞེས་པ་དབུ་ཅན་དུ་བྲིས། ཡི་གེའི་ཁ་ནང་དུ་བསྟན་ཏེ་དབུ་ནས་དྲིལ་ལ་ན་བཟའ་ཕུལ་ཏེ་ནོར་བདག་གི་ཐུགས་གར་བཞུག །གཟའ་སྐར་འཕྲོད་སྦྱོར་བཟང་པོར་རབ་གནས་བྱས་ཏེ་བུམ་པར་བཅུ་གནས་རྫས་རྣམས་གྱིས་བཀང་སྟེ་སྟེགས་ཀྱི་ཁར་བཤམས། མཆོད་གཏོར་སོགས་འདུ་བྱ་བ་ལ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། ཚོགས་ཞིང་ནི། རང་ཛམྦྷ་ལར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ནོར་བདག་ཛམྦྷ་ལ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿ ཨརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་མཎྜལ་ལ་བྷྱཿ ས་ཕྱག་དང༌། ཨོཾ་ཨརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨᨗ་ནས་ཤབྟའི་བར་གྱིས་མཆོད། རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་མ་ལས་ཉི་མ་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཛཾ་ཡིག་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཨཱརྱ་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བ། སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟར་དམར་ཞིང་འོད་འབར་བ། ཆགས་པ་དང་སྒེག་པའི་ཉམས་དང་ལྡན་ཞིང༌། ཅུང་ཟད་ཁྲོ་ལ་འཛུམ་པ། རྩ་ཞལ་དམར་ལ་བཞད་པ་གཡས་དཀར་གཡོན་སྔོ་བ། ཕྱག་གཡས་ཀྱི་དང་པོ་ན་རིན་པོ་ཆེ། བར་བ་ན་ལྕགས་ཀྱུ། གཡོན་གྱི་དང་པོ་ན་ཐོད་པ་རིན་པོ་ཆེས་གདབ། བར་བ་ན་ཞགས་པ། ཐ་མ་གཉིས་ཀྱིས་གཏེར་གྱི་ནེའུ་ལེ་བསྣམས་ནས་བཙིར་བས་ནོར་བུ་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ། ཞབས་གཡས་པ་གཉིས་ཅུང་ཟད་བསྐུམས་ཤིང༌། གཡོན་པ་གཉིས་ཅུང་ཟད་བརྐྱངས་པའི་དོར་སྟབས་ཀྱིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པར་ཀླུ་ཆེན་པོ་བརྒྱད་དང༌། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་ཅིང༌། མེ་ཏོག་གི་ཕྲེང་བ་དང་དར་གྱི་ཅོད་པན་གྱིས་མཛེས་པ། དེའི་ཐུགས་ཀར་ཧྲཱིཿ ཡིག་དམར་པོ་ལས་གསང་བའི་བུ་མོ་ཀུ་རུ་ཀུ་ལླེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་ཨུཏྤལའི་མདའ་གཞུ་རྣ་བའི་དྲུང་དུ་འགེངས་ཤིང༌། འོག་མ་གཉིས་ཀྱིས་ཨུཏྤ་ལས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་བསྣམས་བ། ཞབས་གཡས་བསྐུམས་པའི་བྲང་གཡོན་བའི་བརླ་ལ་གཏད་པའི་སྐྱིལ་ཀྲུང་ཕྱེད་པས་བཞེངས་པ། མི་རུས་ཀྱི་ཕྲེང་བའི་ཕྱག་རྒྱ་ལྔ་དང༌། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ། ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ་གསལ་བར་བསྒོམས་ཏེ། ཡབ་ཡུམ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ །ཐུགས་ཀའི་དབུས་སུ་རང་གི་ས་བོན་བཀོད་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཛམྦྷ་ལ་ཤྲཱིཀུ་རུ་ཀུ་ལླེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ མ་ཧཱ་ཨᨗ་པྲ་ཏཱི་ཙྪ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཨᨗ་ནས་ཤཔྟའི་བར་གྱིས་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཉྩ་ཏུ་མཾ།ཞེས་གསོལ་བ་བཏབ་པས། ཨོཾ་བཛྱི་བྷ་ཝ་ཨབྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང༌། དྲི་མ་དག།།ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་མཉམ་གཞག་གི་ཕྱག་རྒྱས་རིན་པོ་ཆེ་འཛིན་པས་དབུ་བརྒྱན་པར་གྱུར། མཆོད་པ་བླ་མེད་ལྟར་བྱིན་གྱིས་བརླབ། ཨོཾ་ཨརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨᨗ་སོགས་ཀྱིས་མཆོད། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང༌། །ཐུགས་རྗེ་ཆགས་བའི་སྐུ་མདོག་དམར་པོ་བཞུགས། །དབང་གི་འཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ། །ཞེས་བསྟོད། རང་གི་ཐུགས་ཀའི་ས་བོན་ལས་དབང་གི་ལྷ་མོ་དང་འོད་ཟེར་དམར་པོ་སྤྲོས། འཇིག་རྟེན་ཁམས་ཀྱི་ཟས་ནོར་མཁོ་དགུའི་ལེགས་ཚོགས་ཐམས་ཅད་བསྡུས་ནས་རང་ལ་ཐིམ། འཛམ་ལྷའི་ཞལ་དང་ནེའུ་ལེ་དང་གནོད་སྦྱིན་རྣམས་ཀྱི་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པས་བང་མཛོད་དང༌། གནས་ཁང་ཐམས་ཅད་གང་བར་གྱུར་བར་མོས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྟ་ཡེ་པྷ་ན་དྷི་ཧྲཱཾཿ སྭཱཧཱ། ཞེས་སྔགས་ཅི་འགྲུབ་བཟླ། མཐར་ཡིག་བརྒྱས་ལྷག་ཆད་བསྒངས་ནས་མཆོད་བསྟོད་བྱའོ། །དེ་ནས་མདུན་སྐྱེད་སྒྲུབ་པ་ནི། རྟེན་ཨ་མྲ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཕོ་བྲང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་ལོངས་སྤྱོད་མཁོ་དགུའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བའི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་པདྨ། ཞེས་པ་ནས། མཆོད་བསྟོད་རྒྱས་བསྡུས་ཅི་རིགས་ཀྱི་བར་རང་ཉིད་ཅེས་ཚིག་དོན་བ་ལས་གཞན་བདག་སྐྱེད་ལྟར་བྱ། བཟླ་བའི་སྐབས། རང་ལྷར་གསལ་བ་དང༌། མདུན་སྐྱེད་ཀྱི་ལྷ་ཡབ་ཡུམ་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །
སྲིད་ཞིའི་དཔལ་འབྱོར་ཟས་ནོར་ལོངས་སྤྱོད་འབྲུ་བཅུད་སོགས་མཁོ་དགུའི་ཡོ་བྱད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བཞིན་དུ་བཀུག།།བུམ་བའི་ནང་གི་རྫས་དང་དབྱེར་མེད་དུ་ཐིམ་པས་མཁོ་དགུ་ཟད་པ་མེད་པའི་གཏེར་གྱི་བུམ་བར་གྱུར་པར་མོས་པ་དང༌། ནོར་བདག་སོགས་ཀྱི་ཞལ་ནས་ཟད་པ་མེད་པའི་རིན་པོ་ཆེའི་རྒྱུན་བྱུང་བས། རང་གི་གནས་ཁང་ཡུལ་ཁམས་ཐམས་ཅད་ཁེངས་པར་མོས་ལ་སྔགས་བཟླ། ཡིག་བརྒྱས་ལྷག་ཆད་བསྐངས། འཚམས་འདིར་ཆུ་སྦྱིན་འབུལ་བར་འདོད་ན། རིན་པོ་ཆེའི་སྣོད་གས་ཆག་མེད་པར་འཛམ་ལྷའི་སྐུ་དངོས་སུ་གཞུག་པའམ། མདུན་སྐྱེད་ཀྱི་ལྷའི་སྐུ་ལས་རང་འདྲ་གཉིས་པ་ཞིག་བྱོན་ནས་བཞུགས་པར་མོས་པ། ཆུ་སྦྱིན་འབུལ་ཚུལ་གྱི་དམིགས་རིམ་མི་འདྲ་བ་ཡོད་ཀྱང༌། སྤྱི་འགྲོ་དང་མཐུན་ཆེད། རང་གི་ལག་མཐིལ་གཡས་སུ་བྷྲུཾ་ལས་བྱུང་བའི་བུམ་པའི་ནང་དུ་ཡི་གེ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་མོས་ཏེ། སྔགས་ཀྱིས་ཆུ་སྦྱིན་འབུལ། མཆོད་བསྟོད་བྱས་ཏེ་འདོད་དོན་ལ་གསོལ་བ་གདབ། སྐུ་ཡོད་ན་བརྟན་བཞུགས་དང༌། མེད་ན་ཆུ་སྦྱིན་གྱི་སླད་དུ་དྲངས་པའི་ནོར་ལྷ་མདུན་སྐྱེད་ལ་ཐིམ་པར་གྱུར་བར་བསམ། ཡི་གེ་གསུམ་བརྗོད་ཅིང་དངོས་གྲུབ་བླངས་ཏེ་ཆུ་ཕྱོགས་བཞིར་འཐོར་ལ་ཡིག་བརྒྱ་བརྗོད། ཆུའི་ལྷག་མ་རང་ཉིད་ཀྱིས་ལོངས་སྤྱོད། ཐུན་ཐ་མའི་མཐར་གཏོར་མ་བདུད་རྩིར་བྱིན་གྱིས་བརླབས། བུམ་པའི་ལྷའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་མོས་ལ། སྔགས་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་ཕུལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་བསྩལ་བར་བསམ། མཆོད་བསྟོད་རྒྱས་བསྡུས་གང་རིགས་ཀྱི་མཐར་འདོད་དོན་ལ་གསོལ་བ་བཏབ། དེ་ནས་གཡང་འབོད་བྱེད་འདོད་ན། མདའ་དར་དང་གཡང་རྫས་བཤམས། མདུན་སྐྱེད་ཀྱི་ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་ཀྱི་བྱིན་རླབས་དང་ཡོན་ཏན། ཁམས་གསུམ་སྣོད་བཅུད་ཚེ་དང་བསོད་ནམས་དཔལ་འབྱོར་ཟས་ནོར་ལོངས་སྤྱོད་ཐམས་ཅད་བཀུགས་ནས་གཡང་རྫས་རྣམས་ལ་ཐིམ་པས། མཁོ་དགུའི་དཔལ་འབྱོར་ཕུན་ཚོགས་དབང་དུ་འདུ་བར་མོས་ལ། མདའ་དར་གཡབ་སྟེ་གཡང་འབོད་གང་རིགས་བྱ། མཇུག་ཏུ་མཆོད་བསྟོད་ཀྱི་མཐར་ཡིག་བརྒྱས་ལྷག་ཆད་བསྐངས་ལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་བ་བཟོད་པར་གསོལ། མགོན་པོ་ནོར་གྱི་དབང་ཕྱུག་འཛམ་ལྷ་ཡབ་ཡུམ་རྟེན་འདིར་བརྟན་པར་བཞུགས་ནས་ཁམས་གསུམ་སྣོད་བཅུད་ལེགས་ཚོགས་འཇིག་རྟེན་ཁམས་ཀྱི་མི་ནོར་ལོངས་སྤྱོད་རང་དབང་མེད་པར་རྒྱ་མཚོ་ལ་ཆུ་བོའི་རྒྱུན་བཞིན་ངང་གིས་འདུ་བར་མཛད་དུ་གསོལ། འདིར་ནི་གཟུགས་དང་སོགས་ཀྱི་མཐར་སུ་པྲ་ཏིཥྛས་བརྟན་བཞུགས་བྱ། གྲོལ་ཉིན་བརྟན་བཞུགས་གཡང་འབོད་གང་རྒྱས་བྱས་ཏེ་མཛོད་ཕུག་ལྟ་བུར་བཞུགས་སུ་གསོལ་ཞིང༌། དུས་དུས་སུ་མཆོད་གཏོར་ལ་བརྩོན་པར་བྱའོ། །དེ་ལྟར་ཡིད་ཆེས་ཀྱི་དད་པ་བརྟན་པོས་དུས་སུ་མཆོད་གཏོར་ལ་བརྩོན་པ་ལྷུར་ལེན་གྱིས་གསོལ་འདེབས་ལ་འབད་ན། བླ་མ་དང་ལྷག་བའི་ལྷའི་བྱིན་རླབས་དང་རང་གི་དད་མོས་ཀྱི་རྟེན་འབྲེལ་ལྷན་ཅིག་ཚོགས་པའི་མཐུས། །ཡིད་ལ་སྨོན་པའི་འཕྲལ་ཡུན་གྱི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ངེས་བས་བློ་ལྡན་རྣམས་ཀྱིས་འབད་པར་བྱའོ། །སྨྲས་བ། མཆོག་ཐུན་དངོས་གྲུབ་འདོད་པ་འཇོ་བའི་ལྷ། །འདི་ཉིད་ལས་གཞན་འཇིག་རྟེན་ལྷ་འདྲའི་རིགས། །གསོལ་མཆོད་རྨོངས་བའི་སྤྱོད་ཚུལ་ཡོངས་དོར་ཏེ། །རྨག་འཛིན་ནོར་གྱི་དབང་ཕྱུག་བརྙེན་བར་རིགས། །འདིར་འབད་དགེ་ཚོགས་ཟླ་ཟེར་ཐིག་ཕྲེང་གིས། །ལེགས་པར་བྱུགས་པའི་ཀུནྟའི་ཕོན་པོ་ལྟར། །མཆོག་ཏུ་དཀར་བ་གང་ཞིག་བསགས་པའི་མཐུས། །འགྲོ་ཀུན་གཏན་བདེའི་ས་ལ་འགོད་པར་ཤོག།།ཅེས་གྲྭ་བ་མངོན་ཤེས་ཅན་གྱི་ལུགས་ཀྱི་འཕགས་བ་ཛམྦྷ་ལ་དམར་པོ་ལ་བརྟེན་ནས་གཏེར་སྒྲུབ། བྱ་ཚུལ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་འདི་ཡང་། བསྔགས་འོས་ཡོན་ཏན་གྱིས་མཐོ་བ་རྩད་སྤྲུལ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་བཀྲ་ཤིས་པའི་རྟགས་ཀྱིས་མཚན་བའི་དཀར་ཡོལ་དང་ལྷ་རེག་བཅས་ཡང་ཡང་བསྐུལ་བའི་ངོ་མ་ལྡོག་པར་ ༧ རྨོངས་རྟུལ་དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ།། །། ཀྱཻ་རབ་འབྱམས་རྩ་བརྒྱུད་བླ་མའི་བྱིན་རླབས་དང༌། །བགྲང་ཡས་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །དམ་ཅན་སྲུང་མར་བཅས་པའི་ཚོགས་རྣམས་ཀྱིས། །གནས་འདིར་བྱིན་ཕོབ་དགེ་ལེགས་དཔལ་སྩོལ་ཅིག།།མཆོག་གསུམ་བྱིན་རླབས་ཉིན་བྱེད་སྣང་བའི་གཟིས། །སྐྱོན་བྲལ་དལ་འབྱོར་འདབ་སྟོང་བཞད་པའི་དབུས། །ལྷ་མའི་དྲང་སྲོང་རིག་འཛིན་གྲུབ་རྣམས་ཀྱི། །འཆི་མེད་ཟིལ་མངར་ཚེ་དཔལ་གཡང་ཁུག་ཅིག།།སྐྱེ་དགུའི་བདག་པོ་ལེགས་བྲིས་མིག་སྟོང་ཅན། །པད་དཀར་མིག་དང་གཙུག་ན་ཟླ་བ་དང༌། །མི་དབང་འཁོར་ལོས་བསྒྱུར་རྒྱལ་ལ་སོགས་བའི། །དཔལ་འབྱོར་བསོད་ནམས་གཟི་བརྗིད་གཡང་ཁུག་ཅིག།།ནམ་མཁའ་མཛོད་ལ་མངའ་མཛད་རྣམ་ཐོས་སྲས། །གནོད་སྦྱིན་ནོར་ལྷ་གཏེར་གྱི་བདག་པོ་དང༌། །མ་དྲོས་ཆུ་མཚོར་གནས་བཅས་ཀླུ་རྒྱལ་གྱི། །མཁོ་དགུ་ཟད་མི་ཤེས་པའི་གཡང་ཁུག་ཅིག།།རྣམ་འདྲེན་རྒྱལ་བའི་བདེན་ཚིག་ལེགས་བྱས་ལས། །མ་སྨད་དགེ་ལེགས་ལྷུན་གྱིས་གྲུབ་བའི་རྫས། །བཀྲ་ཤིས་རྟགས་རྫས་རིན་ཆེན་སྣ་བདུན་གྱིས། །སྲིད་ཞིའི་ལེགས་ཚོགས་བྱ་དང་གཡང་ཁུག་ཅིག།།མདོར་ན་མཆོག་གསུམ་ཐུགས་རྗེའི་ཉི་འོད་ཀྱིས། །ཕུན་ཚོགས་སྡེ་བཞིའི་པད་ཚལ་རབ་རྒྱས་ཤིང་། །འདོད་དགུའི་རེ་འབྲས་ལྷུན་གྲུབ་གཡས་འཁྱིལ་སྒྲས། །ས་གསུམ་ཁྱབ་པས་དགེ་མཚན་འབར་གྱུར་ཅིག།།སྒྲོལ་མ་མཎྜལ་བཞི་བ་སོགས་སུ་སྦྱར་ཚེ། ཀྱཻ་རྩ་བརྒྱུད་བླ་མ་འཕགས་མ་སྒྲོལ་མ་དང༌། །བགྲང་ཡས་ཡི་དམ་ཞེས་ཚིགས་དང་པོ་བསྒྱུར་བས་འཐུས་སོ། །ཞེས་པ་འདི་ཡང་ ༧ དབྱངས་ཅན་བཞད་པས་སྦྱར་བའོ།། །། པར་འདི་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།