༄༅། །དེ་ཡང་ཇི་སྐད་དུ།ངོ་མཚར་གྲགས་སྙན་འབྲུག་གི་སྒྲ་ལྡན་པ། །ཕུལ་བྱུང་ཡོན་ཏན་བྱེ་བའི་ཆུ་ཁུར་ཅན། །དཔལ་ལྡན་བླ་མའི་འཕྲིན་ལས་གྲུ་ཆར་གྱིས། །བསྟན་འགྲོའི་ཕན་བདེའི་སྙེ་མ་རྒྱས་གྱུར་ཅིག །ཅེས་ཡིད་ལ་སྨོན་པའི་ལྷག་བསམ་བདེན་ཚིག་གི་ཚུལ་དུ་ཤིས་པ་བརྗོད་པའི་ཚིག་གིས་སྔོན་བསུས་ཏེ་བརྗོད་པར་བྱ་བ་ནི། །དེ་ཡང་རྒྱུད་བླ་མ་ལས། །གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་གཅིག་ཆར་འཆར། །ཞེས་གསུངས་པ་ལྟར། །རང་ཅག་རྣམས་ཀྱི་མེ་ཏོག་ཕོག་བའི་ལྷ་སྐལ་སྐྱབས་མཆོག་དམ་པ་ཉིད་ནི་༜ངེས་པའི་དོན་དུ་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྐྱེ་དགུ་མཐའ་དག་སྡུག་བསྔལ་རྒྱུ་བཅས་ལས་སྒྲོལ་བའི་ཆེད་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། རྫོགས་སྨོན་སྦྱངས་གསུམ་མཐར་ཕྱིན་ཏེ་བླ་ན་མེད་པའི་སྐུ་བཞིའི་གོ་འཕང་མངོན་དུ་མཛད་ནས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་འཇིག་རྟེན་ཁམས་མཐའ་ཡས་པའི་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཆུ་ཟླ་དང་མིག་འཕྲུལ་བཞིན་དུ་སྟོན་པར་མཛད་ནས་སྨིན་གྲོལ་གྱི་ལམ་བཟང་པོ་ལ་འགོད་པར་མཛད་པའི་ཚུལ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་བའི་གནས་རྣམས་བདག་ལྟ་བུས་རྫོགས་པར་བརྗོད་པར་ག་ལ་ནུས། མཐུན་སྣང་གི་དབང་དུ་བྱས་ན་ཡང༌། འཕགས་པའི་ཡུལ་དུ་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་ཏེ་ལོ་བ་ཤེས་རབ་བཟང་པོ་སོགས་དང༌། བོད་གངས་ཅན་གྱི་ལྗོངས་འདིར་ཡང་མཐུ་སྟོབས་ནུས་པའི་མངའ་བདག་གཉན་ལོ་ཙ་བ་དར་མ་གྲགས། རྒྱལ་བ་གཉིས་པའི་གསང་ཆེན་བསྟན་པའི་བཀའ་བབས་རྗེ་ཤེས་རབ་སེང་གེ །རྒྱལ་བ་གཉིས་པའི་རྒྱལ་ཚབ་སྨྲ་བའི་དབང་ཕྱུག་དགེ་འདུན་ཕུན་ཚོགས། འཇམ་མགོན་བསྟན་པའི་སྣང་བྱེད་དམ་པ་ངག་དབང་བསྟན་པའི་རྒྱལ་མཚན། མཁས་གྲུབ་བྱེ་པའི་གཙུག་རྒྱན་སྐྱབས་མགོན་དཀོན་མཆོག་བསྟན་པའི་སྒྲོན་མེ། ལུང་རྟོགས་ཡོན་ཏན་བྱེ་བའི་གཏེར་མཛོད་འཛིན་པ་ཡབ་རྗེ་དཀོན་མཆོག་བསྟན་བའི་རྒྱ་མཚོ་དཔལ་བཟང་བོ་སོགས་འགྲན་ཟླ་མེད་བའི་སྐྱེས་མཆོག་དུ་མའི་སྐུའི་རྣམ་པར་བསྟན་ནས།ལུང་རྟོགས་ཡོན་ཏན་རིན་ཆེན་མཛོད་ལ་དབང་བསྒྱུར་ཏེ། མཛད་བཟང་རླབས་པོ་ཆེས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་ཚུལ་སོགས་རེ་ཞིག་བཞག་ནས། སྐྱབས་མགོན་གོང་མ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱིས་བོད་དང་བོད་ཆེན་པོའི་ལྗོངས་འདིར་མཁས་བའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུ་རགས་པའི་ཟ་མ་ཏོག་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྡུས་བའི་ཚུལ་བསྟན་ནས། སླར་ཡང་རྒྱལ་ཀུན་མཁྱེན་པའི་རང་གཟུགས་དམར་སེར་དྷཱིཿ ཡིག་བརྒྱད་གཉིས་ལང་ཚོའི་དཔལ་དུ་བཞད་པ་ཡབ་རྗེ་བློ་བཟང་གྲགས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཕྱོགས་མཐར་སྤེལ་བའི་སླད་དུ་གསུམ་ལྡན་ངུར་སྨྲིག་འཆང་བའི་གར་གྱིས་རོལ་བ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསང་གསུམ་གྱི་མཛད་པ་རླབས་པོ་ཆེ་ནི་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་དཔག་པར་དཀའ་ན་བདག་ལྟ་བུས་བརྗོད་པར་ག་ལ་ནུས། འོན་ཀྱང་ད་ལྟའི་ཚུར་མཐོང་ལ་མཐུན་སྣང་དུ་སྣང་པའི་མཛད་པ་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང༌། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་བའི་ཆེད་དུ་བསྔོས། ཞེས་གསུངས་པ་ལྟར། གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ། དགེ་བའི་བཤེས་གཉེན་རིགས་ཀྱི་ཅོད་པན་དུ་བཞེས་ནས་མཉེས་པ་གསུམ་གྱིས་མཉེས་པར་བྱས་ཏེ་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མང་དུ་ཐོས་པ་བཙལ། ཐོས་པའི་དོན་ལ་རིགས་པ་བཞིའི་སྒོ་ནས་ཚུལ་བཞིན་དུ་དཔྱད་པའི་ཤེས་རབ་ཀྱིས་གཞུང་ལུགས་མཐའ་དག་གདམས་པར་ཤར་ཏེ་བསྟན་པའི་གནད་ལ་འཁྲུལ་བ་མེད་པའི་ངེས་པ་རྙེད་དེ། ལུང་རྟོགས་ཡོན་ཏན་གྱི་ཕུང་པོར་གྲུབ་པ་ནི། མཁས་གྲུབ་ཐམས་ཅན་མཁྱེན་པས། ལེགས་བཤད་འོད་བརྒྱའི་དྲ་བ་ཅན། །བཤེས་གཉེན་ཉི་མ་གཅིག་གིས་ཀྱང༌། །ཐུབ་བསྟན་གླིང་བཞི་མ་ལུས་བ། །གཅིག་ཆར་ཉིད་དུ་གསལ་བར་ནུས། །ཞེས་གསུངས་པ་ལྟར། འཆད་རྩོད་རྩོམ་གསུམ་སོགས་ལུང་དང་རྟོགས་པས་བསྡུས་པའི་ཡོན་ཏན་ཉིན་བྱེད་འོད་ཀྱིས་ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་གསལ་བར་ནུས་བའི་མཛད་པ་བཟང་པོའི་ཆ་ཙམ་ལའང་འགྲན་པའི་ཟླ་དང་བྲལ་བ་ནི། རྗེ་བདག་ཉིད་ཆེན་པོས། རང་གིས་ཇི་བཞིན་རྟོགས་པའི་གནད་ཀྱི་དོན། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་གསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །ཅེས་ཐུགས་སྨོན་ཇི་ལྟར་གནང་པ་ལྟར་ཐུགས་བསྐྱེད་ཀྱི་འབྲས་བུ་ཡོངས་སུ་རྫོགས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་ཡོན་བརྒྱ་ཕྲག་འཕེལ་བའི་དུས་སྐབས་བཟང་པོ་འདིར། རྒྱ་ཆེར་རོལ་བ་ལས། ཁྱོད་སྐྱབས་ཁྱོད་གླིང་ཁྱོད་ནི་དཔུང་གཉེན་ཏེ། །ཁྱོད་ནི་འཇིག་རྟེན་མགོན་པོ་བྱམས་ཐུགས་ལྡན། །ཞེས་གསུངས་པ་ལྟར། སྐྱབས་མགོན་མཆོག་ཉིད་ལ་རང་ཅག་རྣམས་ཀྱིས་མགོན་སྐྱབས་དང་དཔུང་གཉེན་དམ་པར་སྙིང་ནས་གསོལ་བ་བཏབ་པ་ལྟར་ལྗོངས་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར་ནས། གསེར་ཞལ་མཐོང་བ་དོན་ལྡན་མིག་གི་བདུད་རྩིར་གྱུར་ཏེ། ཟབ་གསང་རྡོ་རྗེའི་ཐེག་བའི་འཇུག་སྒོ་འཇམ་དཔལ་དུས་དགྲའི་དབང་པོ་འཇིགས་མཛད་རྡོ་རྗེའི་སྨིན་བྱེད་དབང་གིས་མཚོན་ཆོས་སྦྱིན་བདུད་རྩིའི་འགོ་སྐལ་ཚད་མེད་གནང་བའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་ཀྱང་གཞལ་པར་ག་ལ་ནུས། འོན་ཀྱང་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་དངོས་འབྱོར་གྱི་ཡོན་འབུལ་མཚོན་བྱེད་ཙམ་དུ༌྾྾྾བཅས་ཕུལ་པའི་ལེགས་བྱའི་ཀུན་དའི་དཔལ་ལྟར་དཀར་བ་འདིས་མཚོན། རང་ཅག་སྐྱེ་འཕགས་ཀུན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་ངོ་བོ་ཀུན་དུ་བཟང་པོའི་མཆོད་སྤྲིན་གྱི་ཚུལ་དུ་ཕུལ་བའི་རྣམ་དཀར་ལེགས་བྱས་ཀྱི་ཕུང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་འཇམ་མགོན་བླ་མའི་རིང་ལུགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་དབྱར་གྱི་དཔལ་མོ་དང་འགྲོགས་པའི་ཆུ་གཏེར་བཞིན་དུ་རྒྱས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤྱི་དང༌། ཁྱད་པར་ྋསྐྱབས་མགོན་དམ་པ་མཚན་ལྡན་སྤྲུལ་པའི་སྐུ་མཆོག་མཚུངས་ཟླ་མ་མཆིས་བ་ཉིད། གསེར་འོད་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར། ངེས་པའི་དོན་དུ་འཆི་བ་མེད་པའི་རྡོ་རྗེའི་སྐུ་བརྙེས་ཟིན་ནའང༌། དྲང་དོན་ཐུན་མོང་གདུལ་བྱའི་སྣང་ངོར་ཤར་པའི་ངོ་མཚར་གཟུགས་སྐུའི་བཀོད་པ་འདི་ཉིད་ཀྱི་ཞབས་ཟུང་དགེ་མཚན་འབུམ་ལྡན་གྱི་རི་མོ་མི་འཇིགས་པ་བཞི་དང་དབང་ཕྱུག་བརྒྱད་མཚོན་པའི་སེང་གེ་རྣམ་པར་རྩེན་བའི་ནོར་བུའི་ཁྲི་འཕང་མཐོན་པོར་བསྐལ་བ་རྒྱ་མཚོའི་བར་དུ་འགྱུར་བ་མེད་པ་རྡོ་རྗེའི་རང་བཞིན་ལ་མངའ་བརྙེས་བའི་སྒོ་ནས་གཡོ་མེད་བརྟན་ཅིང༌། ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཆད་མེད་དུ་སྩོལ་པར་སྨོན་ཅིང་གསོལ་བ་འདེབས་པ་ནི་ཞུ་དོན་གྱི་གཙོ་བོ་ལགས་ལ། ཞར་བྱུང་གུས་ཕྲན་བདག་ཅག་རྣམས་ཀྱི་ཆོས་ལྡན་འདོད་པའི་དོན་སྤྱི་དང་བྱེ་བྲག་ཐམས་ཅད་ལེགས་ལམ་དུ་འགྲོ་བ་ལ་ཕྱི་ནང་གི་བར་ཆད་བགེགས་ཀྱི་མཚན་མ་མིང་ཙམ་ཡང་མི་འབྱུང་ཞིང༌། མཐུན་རྐྱེན་འདོད་དགུ་མཐའ་དག་ཡིན་བཞིན་དུ་འགྲུབ་པའི་སྐྱབས་འཇུག་ཐུགས་རྡོ་རྗེའི་སྲུང་བའི་གུར་ཁང་ནས་དུས་ནམ་ཡང་འདོར་མེད་གནང་བ་དང༌། གོང་སྨོས་ཀྱི་དོན་མཐའ་དག་ཡིད་ལ་རེ་བ་བཞིན་འགྲུབ་པའི་བཀས་ཞལ་བཞེས་མཎྜ་རའི་ཕྲེང་བ་བདེ་ཆེན་འཁོར་ལོའི་རྒྱན་དུ་སྩོལ་པ་མཁྱེན་མཁྱེན་མཁྱེན་ཅེས་འདིར་ཚོགས་ཡོངས་ཀྱིས་འདུན་པ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལགས།། །།དེ་ཡང་ཇི་སྐད་དུ། ཕུལ་བྱུང་ལེགས་བཤད་ཟབ་མོའི་སྒྲ་དབྱངས་ཀྱིས། །ས་གསུམ་དཀྱིལ་འཁོར་ཀུན་ཁྱབ་བག་ཡོད་པའི། །སྤྱོད་ཚུལ་མ་སྨད་གཡས་སུ་འཁྱིལ་བའི་དུང༌། །དགེ་ལེགས་ཆུ་གཏེར་སྙིང་པོ་རྒྱལ་གྱུར་ཅིག །ཅེས་ཡིད་ལ་ཇི་ལྟར་སྨོན་པའི་ལྷག་བསམ་བདེན་ཚིག་གི་ཚུལ་དུ་ཤིས་པ་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་གང་ཞུ་ན། རྒྱལ་བ་མི་ཕམ་མགོན་པོས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌།། །ཞེས་གསུངས་པ་ལྟར། རྒྱལ་སྲས་རྣམས་ཀྱིས་ཚོགས་གཉིས་ཀྱི་ནུས་པ་ཡོངས་སུ་རྫོགས་ཏེ། སྤངས་རྟོགས་ཀྱི་འབྲས་བུ་ཉེ་བར་སྨིན་ནས་གདུལ་བྱ་འདུལ་བའི་དུས་ལ་བབས་བའི་ཚེ་འོག་མིན་དང་པོའི་མགོན་པོ་ངེས་བ་ལྔ་ལྡན་ཀྱི་སྐུར་བཞེངས་ཏེ་ཆུ་ཟླ་དང་མིག་འཕྲུལ་ལྟར་ཕྲ་རྡུལ་རེ་རེའི་སྟེང་དུ་ཡང་ཞིང་ཁམས་རྒྱ་མཚོའི་རྡུལ་གྲངས་དང་མཉམ་པའི་སྤྲུལ་པའི་བཀོད་པ་འགྱེད་བར་མཛད་པ་ལས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྔོན་རྒྱལ་སྲས་གཞོན་ནུས་དུས་ནས་རྒྱལ་པ་ཀུན་གྱིས་པད་དཀར་ལྟ་བུར་བསྔགས་པའི་སྙན་པ་སྲིད་རྩེའི་བར་དུ་བགལ་བའི་ཐུབ་དབང་ཤྭཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཡུལ་དབུས་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་བསྟན་ནས་སྐལ་བ་ལྡན་པའི་གདུལ་བྱ་རྣམས་ལ་ཟབ་བ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྨིན་གྲོལ་གྱི་ལམ་བཟང་པོ་ལ་འགོད་པར་མཛད། རྒྱལ་པ་དེ་ཉིད་ཀྱིས་བསྟན་པའི་བདག་པོར་ལུང་བསྟན་པ་མཁྱེན་གཏེར་གཞོན་ནུ་ཟུར་ཕུད་ལྔ་པ་གསུམ་ལྡན་ངུར་སྨིག་འཆང་བའི་གར་གྱིས་རྣམ་པར་རོལ་པ་འཇམ་མགོན་བློ་བཟང་གྲགས་པའི་དཔལ་ཞེས་སྙན་གྲགས་གདུགས་དཀར་པོ་སྲིད་པ་གསུམ་གྱི་བླ་ན་གཡོ་བ་དེ་ཉིད་ཀྱིས་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་གསང་ཆེན་རྡོ་རྗེའི་ཐེག་པའི་ལམ་བཟང་རྒྱས་པར་མཛད་པའི་རྣམ་པར་དཀར་བའི་འཕྲིན་ལས་ནུབ་ཕྱོགས་གུར་གུམ་གྱི་མེ་ཏོག་འཆར་བ་ནས་བཟུང༌། ཤར་ཕྱོགས་ཆུ་གཏེར་གྱི་རླབས་ཕྲེང་གཡོ་བའི་བར་དུ་ཁྱབ་པར་མཛད་པའི་རྣམ་པར་ཐར་པ་ཆེས་ངོ་མཚར་རྨད་དུ་བྱུང་བ་འདི་ལགས་ལ། རྗེ་དེ་ཉིད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་བགྲང་ལས་འདས་པ་བྱོན་པའི་ནང་ནས་མཁས་པ་དང་གྲུབ་པའི་བསྟན་འཛིན་མ་ལུས་པའི་གཙུག་གི་རྒྱན་དམ་པར་གྱུར་བ་སྲིད་གསུམ་འགྲོ་བའི་འདྲེན་མཆོག་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཉིད་ནི། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། རྒྱུད་རྡོ་རྗེ་རྩེ་མོ་ལས། ཕྱི་མའི་དུས་སུ་གྱུར་བ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །འཇིག་རྟེན་རྗེས་བཟུང་དོན་དུ་ནི། །ཐ་མལ་བ་ཡི་ཚུལ་དུ་གནས། །ཞེས་རྒྱལ་བ་རྡོ་རྗེ་འཆང་གིས་སྙིགས་མའི་དུས་སུ། རྒྱལ་བ་རང་ཉིད་ཐ་མལ་བ་དང་རིགས་མཐུན་པའི་དགེ་བའི་བཤེས་གཉེན་གྱི་སྐུའི་རྣམ་པ་བསྟན་ནས་འགྲོ་བའི་དོན་མཛད་པ་ཞལ་གྱིས་བཞེས་པ་ལྟར། ནང་སྒྲིབ་བྲལ་བདེ་སྟོང་གི་ཡེ་ཤེས་དང་། དག་པའི་སྒྱུ་མའི་ལུས་གཉིས་ཟུང་དུ་འཇུག་པའི་ཟློས་གར་ཕྱི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལ་བརྟེན་པ་ལགས་པས། དེ་ལྟ་བུའི་ཡོན་ཏན་སར་གནས་རྒྱལ་སྲས་རྣམས་ཀྱིས་ཀྱང་རྫོགས་པར་བརྗོད་མི་ནུས་ན་བདག་ལྟ་བུས་བརྗོད་པར་ག་ལ་ནུས། ཐུན་མོང་གི་སྣང་ཚོད་དང་མཐུན་པའི་མཛད་པ་འདིར་ཡང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན། སྐུ་གསུང་ཐུགས་ཀྱི་མཛད་པ། གདུལ་བྱ་འདུལ་བའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཐུ་ལས། མ་ཧཱ་ཙི་ནའི་རྒྱལ་ཁབ་ཆེན་པོ་ནས་བཟུང་མཐའ་དབུས་ཀྱི་ཆེ་དགུ་ཀུན་གྱིས་ཞལ་དཀྱིལ་མཐོང་བ་དོན་ལྡན་མིག་གི་བདུད་རྩིར་གྱུར་ནས་གསུང་གི་བདུད་རྩིར་མྱངས་ཏེ་ཐུགས་བརྩེ་བས་རྗེས་སུ་འཛིན་པའི་སླད་དུ། པདྨའི་མཚོ་ལ་ངང་པ་དང༌། མེ་ཏོག་གི་ཚལ་ལ་བུང་བ་ལྟར་འདུས་ནས། གཅེས་ནོར་ཡོད་དགུས་མཆོད་པ་དང༌། བརྙེན་བཀུར་བྱེད་པ་གདྐཱའི་རྡུལ་གྲངས་དང་མཉམ་པ་རྣམས་ལ་རང་རང་གི་མོས་པ་དང་འཚམ་པའི་ཆོས་སྦྱིན་དང་ཐ་ན་མཐོང་ཐོས་དྲན་རེག་ཙམ་གྱིས་འཁོར་བ་མཐའ་ཅན་དུ་མཛད་པའི་དུས་སྐབས་བཟང་པོ་འདིར་རང་ཅག་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་སྤྱན་དྲངས་པ་བཞིན་དུ། དགྱེས་བཞིན་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། ཟབ་གསང་ཐེག་པའི་སྨིན་གྲོལ་གྱི་ཟབ་ཆོས་བདུད་རྩི་བསྒོ་སྐལ་དུ་བསྩལ་བའི་བཀའ་དྲིན་སྟོང་གསུམ་རིན་ཆེན་སྣ་བདུན་གྱིས་བཀང་ཡང་གཞལ་བར་མི་ནུས་ཏེ། སྐྱབས་མགོན་ལྔ་པ་ཆེན་པོའི་གསུང་ལས། གཏན་བདེའི་ནོར་བུ་ལག་མཐིལ་རྫས་བཞིན་དུ། །སྟོན་མཛད་ཡོངས་འཛིན་བཀའ་དྲིན་གཞལ་ནུས་སུ། །ཞེས་གསུངས་པ་ལྟར་ལགས་མོད། འོན་ཀྱང་སྔོན་བཅོམ་ལྡན་འདས་ལ་དབུལ་པོ་ཐ་ག་ཟླ་བས་རས་ཀྱི་ཁ་ཚར་ཕྱག་ཏུ་ཕུལ་ཏེ། སྦྱིན་པ་ཆུང་ཡང་ཞིང་ནི་རྒྱ་ཆེ་སྟེ། །མཐུ་ཆེན་ཁྱོད་ཀྱིས་ཐུགས་སུ་ཆུད་པར་ཟང༌། །སྦྱིན་བ་ཆེན་པོར་གྱུར་བ་འདི་ཡིས་ནི། །བདག་ཉིད་རྒྱ་ཆེར་གྲགས་པའི་སངས་རྒྱས་ཤོག །ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ན། སངས་རྒྱས་ཀྱི་ཞལ་ནས། ཁྱོད་ནི་ཕྱི་མར་ཞི་བ་མཐུ་ཆེ་བ། །རྒྱ་ཆེན་གྲགས་བ་མི་དང་ལྷས་མཆོད་པ། །རང་བྱུང་འཇིག་རྟེན་ཕན་པ་སྙིང་བརྩེར་ལྡན། །ཚར་ཚར་བླ་མ་ཞེས་ཕྱའི་རྒྱལ་བར་འགྱུར། །ཞེས་བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་རྣམ་ཐར་བཟང་པོ་སྨོན་པའི་ཡུལ་དུ་བྱས་ནས། སྐྱབས་མགོན་རིན་པོ་ཆེ་ལ་སྔར་གྱི་བཀའ་དྲིན་གཟོ་བ་དང༌། སླད་མའི་ཆར་ཡང་འཁོར་བ་མ་སྟོང་གི་བར་དུ་ཞབས་པད་རྟག་བརྟན་གཡུང་དྲུང་གི་ངོ་པོར་ལྷུན་ཆགས་ཏེ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བར་ཞུ་བའི་ཡོན་དུ་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་འབུལ་བའི་རྣམ་གྲངས་མཚོན་པ་ཙམ་ནི། བཀྲ་ཤིས་པའི་ལྷ་རྫས་རབ་དཀར་གངས་རིའི་མདངས་ལ་འགྲན་བཟོད་པས་ཐོག་དྲངས༌྾྾འདི་མན་གྱི་རྩོམ་ཐོ་ལག་ཏུ་མ་བྱུང༌། ཁོང་ནས་གུང་ཐང་འཇམ་བའི་དབྱངས་སོགས་ལ་ཞུས་པའི་ཐོ་ཡིན་ལགས།། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།
༄༅།།སྐྱབས་ཐོ་ཚན་པ་གཉིས་བཞུགས་སོ།།
- Post author:GasharSockpa
- Post published:2023-10-16
- Post category:སྐུ་ཕྲེང་གསུམ་པའི་གསུང་རྩོམ།
- Post comments:0 Comments