༄༅། །སྒྲུབ་སྡེ་ཆེན་པོ་དགའ་ལྡན་བསམ་གཏན་གླིང་གི་བཅའ་ཁྲིམས་ཀྱི་རིམ་པ་མདོ་ཙམ་བརྗོད་པ་ལེགས་ལམ་གསལ་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

༄༅། །རྨད་བྱུང་སྒྲིབ་བྲལ་མཁྱེན་པའི་ལྷ་ལམ་ངོར། །བྱམས་དང་བརྩེ་བའི་ཆུ་འཛིན་འཁྲིགས་པ་ལས། །བྱིན་རླབས་སྦྲང་ཆར་རྒྱུན་གྱིས་ཕན་བདེའི་ཚལ། །རྒྱས་མཛད་སྟོབས་བཅུ་མངའ་བས་དགེ་ལེགས་སྩོལ། །རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་བསྲུབ་པ་ལས། །ལེགས་ཐོན་གསང་གསུམ་ཆ་ཤེས་ཡོངས་རྫོགས་ཤིང༌། །འཕྲིན་ལས་སྣང་བས་ཐུབ་བསྟན་ཀུནྡའི་ཚལ། །བཞད་མཛད་འཇམ་མགོན་བླ་མར་སྙིང་ནས་འདུད། །གཞན་ཡང་ཐུབ་བསྟན་འཛིན་མཁས་འཕགས་བོད་ཀྱི། །མཁས་གྲུབ་རིམ་བྱོན་གཙུག་གིས་མཆོད་བྱས་ཏེ། །ཐུབ་གསུང་གཅེས་མཛོད་འདུལ་བའི་དགོངས་དོན་བཞིན། །བླང་དོར་གཏམ་གྱི་བྲེང་བ་འདི་ན་སྤེལ། དེ་ལ་འདིར་རང་ཅག་གི་འདྲེན་མཆོག་དམ་པ་རྣམ་འདྲེན་ཤཱཀྱའི་རྒྱལ་བོའི་བསྟན་པ་བྱང་ནས་བྱང་དུ་དར་པའི་རྟེན་འབྲེལ་དང་ཐུགས་སྨོན་ཀྱི་མཐུས། དེང་དུས་ཡབ་རྗེའི་རིང་ལུགས་བོད་ཆེན་པོ་མདོ་སྨད་ཀྱི་ལྗོངས་འདིར་དར་རྒྱས་སུ་འདུག་མོད། འོན་ཀྱང་བསྟན་པ་རིན་པོ་ཆེ་ཡོད་མེད་འདུལ་བའི་སྡེ་སྣོད་ལ་ནན་ཏན་དང་ལས་ཀྱི་ཆོ་ག་ཚུལ་མཐུན་ཡོད་མེད་ལ་རག་ལས་པར་འདུལ་བ་ལུང་ལས་གསུངས་པ་ལྟར། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་བསྲུང་བ་ཤིན་ཏུ་གལ་ཆེ་བས། དེས་ན་གསང་སྔགས་རིགས་པ་འཛིན་པའི་འདུས་སྡེ་དགའ་ལྡན་བསམ་གཏན་གླིང་གི་དགེ་འདུན་རྣམས་ཀྱི་ཕྱག་ལེན་དུ་བསྟར་རྒྱུའི་བཅའ་ཁྲིམས་ཀྱི་རིམ་པ་མདོ་ཙམ་བརྗོད་པ་ལ། ཐོག་མར་གསར་དུ་འཇུག་པ་པོ་ཡང་སྡོམ་པ་སྐྱེ་བ་དང་གནས་པའི་བར་ཆད་སོགས་འགལ་རྐྱེན་བཞི་དང་བྲལ་ཞིང༌། མཁན་སློབ་ཚད་ལྡན་སོགས་མཐུན་རྐྱེན་ལྔ་ཚང་པའི་སྒོ་ནས་རབ་ཏུ་བྱུང་ཞིང་ལྟ་གྲུབ་གཙང་བ་གལ་ཆེ། ཞུགས་ནས་ཉམས་སུ་བླངས་བྱའི་བཅའ་ཁྲིམས་དངོས་ལ། དེ་ཡང་ཚོགས་ནམ་ཡོད་རེས་ཀྱིས་མཁར་བརྡ་བཏང་བ་དང་བསྡུན། ཞྭ་ཟླམ་གདེང་བ་བག་ཁུག་གྲྭ་ཕོར་སོགས་ཡོ་བྱད་རྣམས་བསྣམས་ནས་འབྱོར་ཚོགས་ཀྱི་སྒོ་ནས་འཚོགས་ཏེ་ཕྱག་མཆོད་ཀྱི་རིམ་པ་སྔ་སྲོལ་ལྟར་མི་ཉམས་པར་བྱེད། དེ་ནས་གྲལ་དུ་འཁོར་བའི་ཚེ་བསླབ་པ་རྒན་གཞོན་གྱི་གོ་རིམ་མ་འཆོལ་བར་བཞུགས་ཤིང༌། གྲྭལ་ནང་དུ་རྒྱང་འབོད། ཀུ་ཅོ། བཞད་གད། གྲྭལ་མཚེ་ལ་ལོང་གཏམ་སྨྲ་བ་སོགས་སྤངས་ཤིང་སྤྱོད་ལམ་མི་མཛེས་པ་ཀྭ་བ་དང་རྩིག་པ་ལ་བརྙེལ་བ། རྐང་སྐྱོངས། ལག་སྐྱོངས། ཚེམ་བུ་བཙེམ་བ། ཟླ་གམ་ཚུལ་དང་མི་མཐུན་པར་གྱོན་པ། གྲྭལ་འཁྱོག་པོར་བསྒྲིགས་པ་སོགས་མིག་སྔར་མི་མཛེས་པའི་འདུག་སྟངས་སྤངས་ཤིང༌། སྤྱོད་ལམ་ལེགས་པའི་སྒོ་ནས་བཞུགས་དགོས། ཞལ་འདོན་གྱི་སྐབས་སུ་དབུ་མཛད་ནས་དབུ་གང་བསྐུལ་ཀྱང༌། འདོན་བཟང་པ་རྣམས་ཀྱིས་གཙོ་བོར་བྱས་མཐའ་དབུས་མེད་པར་ཀུན་གྱིས་ཐེག་པ་ཁུར་དུ་བླངས་ཏེ། སྔ་ཆད་རྗེས་ལུས་སུ་མ་སོང་བར་སྒྲ་དག་གསལ་གསུམ་གྱི་སྒོ་ནས་འདོན་རྟ་དབྱངས་གང་ཡིན་ཀྱང་དལ་བྲེལ་དབུ་མཛད་དང་བསྟུན་ནས་ངེས་པར་གསུངས་དགོས། ཚོགས་ནམ་ཡོད་ལ། ཕྱག་མཆོད། ཚ་གསུར་གཏོང་བ། འཛམ་དཀར་ཆུ་སྤྱིན་རྣམས་མ་ཆགས་པར་བྱེད། དེ་ཡང་ཧོར་ཟླ་དང་པོའི་ཚེས་གསུམ་ལ་ཇ་དང་པོའི་རྗེས་སུ་ཤེར་སྙིང་བཟློག་པ་དང་བཅས། སེང་གདོང་མངོན་རྟོགས་བསྙེན་པ་བརྒྱ་རྩ་བརྒྱད་བཟློག་པ། འགྱུར་སྔགས་ལན་བདུན་དང་སྐྱབས་འགྲོ་རྒྱས་པ། དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞིར་གྱུར་མ། བློ་བསྟོད། དེ་ནས་འཇིགས་བྱེད་བླ་བརྒྱུད་དང༌། སྐད་ཅིག་དགྲོད་བསྐྱེད་ནས་བཟུང༌། རྡོར་སེམས་བསྒོམ་བཟླས་སྐབས་ཡིག་བརྒྱ་ཉེར་གཅིག་དང༌། བུམ་བ་བསྒྲུབ་པའི་འཕྲོར། བཟང་སྤྱོད། བྱམས་སྨོན། ལྟུང་བཤགས་རྣམས་གསུངས་ཇ་བཞེས་ཏེ་གྲོལ་ནས། ཡར་འཚོགས་ཏེ། ཚོགས་ཞིང་ནས་བཟུང་ཆོ་ག་རྫོགས་པའི་མཇུག་ཏུ་ཕྱི་རོལ་གཏོར་མ་བཏང་ནས་ཇ་བཞེས། དེ་ནས་བདག་འཇུག་གསུངས་ནས་གསང་དབང་མགོར་གྲོལ་ཆུང་དང༌། ཡར་འཚོགས་ཇ་བཞེས་ཏེ་བདག་འཇུག་གི་མཇུག་དཀྱུས་བཞིན་གསུངས། དེ་ནས་གསེར་ཞུན་མའི་ནང་དུ་ཆོས་སྐྱོང་སོ་སོའི་བསྐང་བཤགས། གཏོར་བསྔོས་དང་བཅས་པ་གཏོང༌། དེ་ནས་གཏང་རག་གི་མཆོད་བསྟོད་སྨོན་ཤེས། བསྟན་འབར་མ་རྣམས་གསུངས། ཇ་བཞེས་ཏེ་ཚོགས་གྲོལ། དེ་ལྟར་ཉིན་བདུན་གྱི་རིང་འདྲ། ཚེས་བཅུ་ལ་གསང་འདུས་བདག་འཇུག །བཅུ་གཅིག་ནས་ཉིན་བཞིར་ཆོས་སྤྱོད། སྨོན་ལམ། སྨན་བླ། འཇིགས་བྱེད་ལྷ་བཅུ་གསུམ་མ། གསེར་ཞུན་མ་བཅས་བཅོ་ལྔ་ལ་འཇིགས་བྱེད་བདག་འཇུག །བཅུ་དྲུག་ལ་ཆོས་སྤྱོད་སྨོན་ལམ། སྨན་བླ་རྣམས་འདོན། གཞན་ཟླ་བ་རེ་རེའི་ཚེས་བརྒྱད། བཅུ་བཞི། གནམ་གང་གསུམ་ལ་ཆོས་སྤྱོད། སྨོན་ལམ་ཆ་ལྔ། གསང་བདེ་འཇིགས་གསུམ་ཀྱི་སྨོན་ལམ་དང༌། སྨན་བླ་སོགས་འདོན། ཚེས་བཅུ་ལ་གསང་འདུས་བདག་འཇུག །བཅོ་ལྔ་ལ་འཇིགས་བྱེད་བདག་འཇུག །ཉེར་ལྔ་ལ་བདེ་མཆོག་བདག་འཇུག །ཉེར་དགུ་ལ་བསྐང་གསོ། ཟླ་བ་རེ་རེའི་ནང་དུ་དུས་བཟང་བ་བདུན་ཡོད་པས་གླིང་སྟོད་སྨད་ཀྱི་རེས་མོས་བྱས་ཏེ། ཟླ་བ་བཞི་པའི་ཚེས་དགུ་ལ་མ་ཎི། ཚེས་བཅུ་ལ་གསང་འདུས་བདག་འཇུག །བཅུ་གཅིག་དང་བཅུ་གཉིས་ལ་སྨོན་ལམ་གྱི་བཅུ་གཅིག་གི་ཉིན་དང་འདྲ། བཅུ་གསུམ་ལ་འཇིགས་བྱེད་བདག་འཇུག །བཅུ་བཞི་དང་བཅོ་ལྔ་ལ་སྨྱུང་གནས། བཅུ་དྲུག་ལ་སྨན་བླ། བཅུ་བདུན་ལ་ཚེས་བརྒྱད་དང་འདྲ། ཟླ་བ་དྲུག་པའི་ཚེས་བཞི་དང༌། དགུ་པའི་ཉེར་གཉིས་ལ་ཀུན་མཉམ་དུ་འཚོགས་ཏེ། གནས་བརྟན་ཕྱག་མཆོད་བྱ། དྲུག་པའི་ཚེས་བཅུ་དྲུག་ནས་བཟུང་ཉེར་ལྔའི་བར་གསང་འདུས་བདག་འཇུག །མཇུག་ཏུ་སྦྱིན་སྲེག་དང་བཅས་པ། ཉེར་དྲུག་ལ་འཇིགས་བྱེད་བདག་འཇུག །ཉེར་བདུན་ལ་བདེ་མཆོག་བདག་འཇུག །ཉེར་བརྒྱད་ལ་སྨོན་ལམ་གྱི་བཅུ་གཅིག་གི་ཉིན་དང་འདྲ། ཉེར་དགུ་ལ་བསྐང་གསོ་གནམ་གང་ལ་ཆོས་སྤྱོད་སོགས་གོང་དང་འདྲ། ཟླ་བ་བདུན་པའི་ཚེས་གཅིག་ནས་ཉིན་བདུན་གྱི་རིང་ལ་མ་ཎི། ཚེས་བརྒྱད་ནས་བཅུ་བཞིའི་བར་ཀུན་རིག་བདག་འཇུག །དེ་སྐབས་བླ་མཆོད། ཕྱག་ཆེན་གསོལ་འདེབས་ཡང་གསུངས་དགོས། ཚེས་བཅོ་ལྔ་ལ་འཇིགས་བྱེད་བདག་འཇུག །ཚེས་བཅུ་དྲུག་ལ་སྨོན་ལམ་གྱི་བཅུ་གཅིག་ཉིན་དང་འདྲ། ཚེས་བཅུ་བདུན་དང་བཅོ་བརྒྱད་གཉིས་ལ་སྨྱུང་གནས། བཅུ་དགུ་ནས་ཉེར་ལྔའི་བར་བདེ་མཆོག་བདག་འཇུག་དང་ཉེར་ལྔའི་ཉིན་ཚོགས་མཆོད་ཀྱང་བྱ། ཉེར་དྲུག་ལ་སྨན་བླའི་མདོ་ཆོག་ཟུར་རྒྱན་དང་བཅས་པ། ཉེར་བདུན་ལ་བྱམས་ཆོག་རྒྱན་དང་བཅས་པ། ཉེར་བརྒྱད་ལ་བསྐང་གསོ། ཉེར་དགུ་ལ་དགག་དབྱེ་བྱ། ཟླ་བ་བཅུ་བའི་ཉེར་གཉིས་ལ་རྗེའི་སྟོང་མཆོད། ཉེར་གསུམ་ལ་སྨོན་ལམ་གྱི་བཅུ་གཅིག་གི་ཉིན་དང་འདྲ། ཉེར་བཞི་ལ་བདེ་མཆོག་བདག་འཇུག །
ཉེར་ལྔ་ལ་འཇིགས་བྱེད་བདག་འཇུག་དང་སྲོད་ཀྱི་དུས་སུ་གླིང་མེ་དང་བཅས་པ། ཉེར་དྲུག་ལ་བཟང་སྤྱོད། ཉེར་བདུན་ལ་དུས་བཟང་དང་འདྲ། དགུན་མཚམས་དང་དགུ་གཏོར་རྣམས་ཡོངས་གྲགས་ལྟར་དོ་དམ་གང་དྲག་བྱ། ཟླ་བ་དང་པོའི་ཚེས་བཅུ་དྲུག་ལ་སྤྱི་བ་འཇོག །སྤྱི་བ་གསར་བས་ཉིན་གསུམ་ལ་གཏོང་སྒོ་བྱས་ཏེ། བསྐང་གསོ་རྒྱས་པ། ཆོས་སྐྱོང་སོ་སོའི་བསྐང་བ་ཚར་ལྔ་རེ་འདོན། (བསྭེ་ཁྲབ་ཅན་ཀྱི་བསྐང་བ་བདུན་སྒྲུབ་བྱེད་དགོས།) བཟབ་བཏུང་ལ་ལོངས་སྤྱོད་པའི་སྐབས་སུ་ཅག་ཅག་ཧུ་ཧུ་སོགས་ཟས་ལ་བརྟེན་པའི་ཉེས་བྱས་ཉེར་གཅིག་སོགས་ཀྱིས་མ་གོས་པ་དང༌། བཤེས་སྦྲིང་ལས། །ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལག་སྙེམ་པའི་ཕྱིར་མ་ལགས། །འཚགས་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ཞེས་གསུངས་པའི་དོན་དྲན་ཞིང༌། འདུ་ཤེས་བཅུ་སེམས་པའི་སྒོ་ནས་རྒྱུད་སྡེ་གོང་འོག་ནས་གསུངས་པ་ལྟར་ཟས་ལ་ལོངས་སྤྱད་དེ་རང་གཞན་གྱི་ཚོགས་རྫོགས་པའི་ཐབས་སུ་འགྲོ་བར་བྱ། ཚོགས་མེད་ཚེ་གསར་བུ་བ་རྣམས་ཀྱིས། སྐུ་རིམ་རྣམ་གསུམ། སྨོན་ལམ་ཆོས་སྤྱོད། བསྐང་གསོ། གསང་བདེ་འཇིགས་གསུམ་ཀྱི་ཆོ་ག་སོགས་བློ་འཛིན་བྱས་ཏེ་བརྒྱུག་ལེགས་པར་སྤྲད་དགོས། བཟུང་ཟིན་པ་རྣམས་ཀྱང་མི་བརྗེད་པའི་ཕྱིར་གཤར་སྦྱངས་བྱེད་ཅིང༌། གཞན་ཡང༌། རོལ་མོ་འབུད་དཀྲོལ་བརྡུང་གསུམ། མཆོད་གཏོར་བཅའ་གཤོམ་ཀྱི་ཕྱག་ལེན། དཀྱིལ་འཁོར་སོགས་ཀྱི་ཐིག་རྩ་རྣམས་ཀྱང་ལེགས་བར་བསླབས། དེ་ལྟར་འདོན་ཆ་དང་ཕྱག་ལེན་གྱི་རིམ་པ་ངེས་བར་བྱས་ནས། དགེ་ཚུལ་གི་བསླབ་བྱ་སོགས། བསླབ་བྱ་ཉུང་བསྡུས་རེ་བློ་ལ་བཟུང་ནས་དཔེ་ཁྲིད་བྱས་ཏེ་བསྔོ་བགྲང་བྱེད་ཅིང༌། སྡོམ་གསུམ་གྱི་བཅས་མཚམས་ལས་མི་འདའ་བ་དང༌། ལྟུང་བའི་སྒོ་བཞི་ཅི་རིགས་ཀྱི་དབང་དུ་མི་འགྲོ་བ་རེ་བྱ། གཞན་ཡང་ལམ་རིམ་བློ་སྦྱོང་བསྐྱེད་རྫོགས་སོགས་ལ་རང་བློས་དཔོག་ཚོད་ཀྱིས་ཐོས་བསམ་བྱས་ཏེ་ཁ་བཤད་དུ་མ་སོང་བར་ཉམས་ལེན་ལ་གཅིག་ཏུ་འདྲིལ་བར་བྱ་དགོས། དུས་རྒྱུན་དུ་དགེ་ཚུལ་སློང་གང་ཡིན་ཀྱང་གཉོམ་ཆུང་ཞི་དུལ་གྱིས་སྒོ་ནས་དམན་ས་བཟུང་སྟེ། དྲན་ཤེས་བག་ཡོད་ལེགས་པར་བརྟེན་ནས་ཁས་བླངས་པའི་བསླབ་ཁྲིམས་མིག་འབྲས་ལྟར་བསྲུང་བ་གཞིར་བཞག་གི་སྟེང་ནས་ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་པཎ་ཆེན་རིན་པོ་ཆེས་མཛད་པའི་ནོར་བུ་རྣམ་པར་བཀྲ་བའི་མཛེས་རྒྱན་ལྟར་ཉམས་སུ་བླངས། དགེ་སློང་རྣམས་ཀྱིས་རུང་ཁང་དང༌། ཡོ་བྱད་བྱིན་རླབས། དགེ་ཚུལ་སློང་ཀུན་ཀྱིས་དུས་མིན་གྱི་ཁ་ཟས་ལ་འཛེམ་ཞིང་ལྷམ་ཕུད། ཆབ་ལེན། རུང་ཆུ་འདེབས་པ་ཡན་ཆད་གལ་ཆུང་དུ་མི་གཏོང་བར་ནན་ཏན་བྱས་ཏེ་ཡོན་ཏན་ཀུན་གྱིས་གཞི་རྟེན་ཚུགས་པར་བྱེད་པ་དང༌། དམིགས་གསལ་གྱི་སྐབས་མ་གཏོགས་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་དང་མར་ངོའི་གསོ་སྦྱོང་རྣམས་ལ་དགེ་ཚུལ་སློང་ཐམས་ཅད་ཕེབས་ཏེ་ཚུལ་མཐུན་རེ་ངེས་པར་བྱེད་དགོས། ཐབས་མེད་བྱུང་ན་མ་གཏོགས་སུ་ལའང་དགོངས་པ་མི་སྟེར་བར་ཚང་མས་དབྱར་ངེས་པར་ཁས་ལེན་དགོས། གསོ་སྦྱོང་དབྱར་གནས་དགག་དབྱེ་གསུམ་ནི་བསླབ་པ་ཡོངས་སུ་སྤྱོངས་པའི་ཐབས་བླ་ན་མེད་པ་ཡིན་པས་ལས་སྣ་རྣམས་ཀྱིས་དོ་དམ་བྱེད་དགོས། གཞན་ཡང་གླིང་བར་དུ། གཟན་དང༌། ཤམ་ཐབས་མེད་པར་འགྲོ་བ་དང༌། མེ་ཆ་དང༌། གྲི་ཆུང་སོགས་གློ་ཆ་འདོགས་པ། སྐྲ་རིང་པོར་འཇོག་པ། ཁྱིམ་པའི་གོས་ཞྭ་གྱོན་པ། ཤེད་ངོམས་ཤིང་འཛང་མཁོན་བྱེད་པ། གཞས་གླུ་གྱེར་བ། ཆོས་མིན་གྱི་རྩེད་མོ་བརྩེ་བ་སོགས་གཏན་ནས་མི་ཆོག །དམིགས་གསལ་ཅན་མ་གཏོགས་གླིང་གསེབ་ཏུ་བུད་མེད་མི་གཏོང་ཞིང་མོ་ཁྲིམས་ཤིན་ཏུ་དམ་པོར་བྱེད་དགོས། སྤྱི་གཉེར་མ་ཡིན་པའི་གྲྭ་རྐྱང་རྣམས་ཀྱིས་ཁེ་ཚོང་བུན་བསྐྱེད་བྱེད་མི་ཆོག །རྒན་གཞོན་གྱི་བརྩི་བཀུར་ནི་ཤིན་ཏུ་གལ་ཆེ་བས། རང་ལས་བསླབ་བ་རྒན་པ་དང༌། ཡོན་ཏན་ཅན་སོགས་ལ། ཞེ་ས་དང༌། བཀུར་བཟོ་ལེགས་པར་བྱེད་དགོས། གྲྭ་བ་བགྲེས་པ་མཐར་ཐུག་དང༌། ནད་པ་རེ་བྱུང་ཚེ་རེས་མོས་ཀྱིས་གཡོག་བྱེད་ཅིང༌། སྨན་དང་རིམ་གྲོ་སོགས་ལ་ཀུན་གྱིས་འབད་དགོས། གྲྭ་བ་རེ་གཤེགས་ཚེ། རྒྱུ་རྫས་ཆུད་ཟོས་སུ་མི་གཏོང་བར། དཀོན་མཆོག་གི་ཞིང་སར་བསྔོས་ཏེ་གཤིན་པོའི་དགེ་རྩར་འགྲོ་ངེས་རེ་བྱ་དགོས། དགེ་རྒན་རྣམས་ཀྱིས་རང་རང་གི་དགེ་ཕྲུག་ལ་ཟས་གོས་ལ་ལོངས་སྤྱོད་ཚུལ་འགྲོ་འདུག་དང་ཡི་གེ་ཀློགས་པ་སོགས་ལེགས་པར་བསླབ་ཏེ་གྲྭ་ཚང་གི་འགྲིགས་ལམ་དང་མི་འགལ་བའི་ཐབས་སུ་གང་འགྱུར་བྱ། ལས་སྣ་རྣམས་གྱིས་ཀྱང་ལས་འབྲས་དྲང་བཞག་གི་ངོས་ནས་འགྲིགས་ལམ་གནོན་ངེས་བྱ་ཞིང༌། ལྷག་པར་དགེ་བསྐོས་ཀྱིས་སྐབས་སུ་འཚོགས་གཏམ་གཏོང་ཞིང་འགྲིགས་ལམ་ཕྲ་རག་གང་དང་འགལ་མཁན་བྱུང་ཚེ་ངོ་དགའ་ཟོལ་འཇོག་ཏུ་མི་གཏོང་བར་ནག་ཆེ་ཆུང་དང་བསྟུན་ནས་ཆད་པ་གཅོད་པ་སོགས་ཁུར་དུ་ལེན་དགོས་པ་ཡིན་ནོ། །མདོར་ན་ལུས་ཅན་རྣམས་ཀྱི་ཕན་བདེ་མ་ལུས་འབྱུང་པའི་སྒོ་གཅིག་བུར་གྱུར་བ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ལ། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དགེ་འདུན་གྱི་སྡེ་ལ་རག་ལས་པ་ཡིན་ཏེ། མཁས་གྲུབ་ཆོས་ཀྱི་རྒྱལ་བོས། སྐྱེ་དགུ་རྣམས་ཀྱི་ཕན་བདེ་ནི། །མ་ལུས་རྒྱལ་བའི་བསྟན་ལས་བྱུང༌། །བསྟན་པའི་ཆུ་བོ་འཕེལ་བའི་གཞི། །དགེ་འདུན་ཆུ་གཏེར་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར་ཡིན་ལ། དགེ་འདུན་རྣམས་ཀྱང་ལྟ་བ་དང་སྤྱོད་པ་མི་མཐུན་པ་མེད་པར་ཐུགས་མཐུན་ཞིང༌། འཁོར་ལོ་གསུམ་གྱི་བྱ་བ་ལ་བརྩོན་པ་སོགས་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་ལ་འབད་པ་ལྷུར་ལེན་པ་ཞིག་གལ་ཆེ་སྟེ། སོ་སོར་ཐར་བའི་མདོ་ལས། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་དང༌། སྤྱོད་འཇུག་ལས། །རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཅེས་གསུངས་བ་ལྟར་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་ཀྱི་བསླབ་བ་རིན་པོ་ཆེ་ལ་གུས་པ་ཆེན་པོའི་སྒོ་ནས་འབད་དེ་སྤངས་བླང་འཇུག་ལྡོག་གི་རིམ་པ་ཚུལ་བཞིན་ཉམས་སུ་བླངས་ན་ཕན་ཡོན་མཐའ་ཡས་པར་གསུངས་ཤིང༌། ཁྱད་པར་འདུལ་བ་ལུང་ལས་སངས་རྒྱས་ཀྱིས་བསྟོད་ཅིང༌། ལྷ་རྣམས་དང༌། རང་གི་གྲོགས་དང་བཤེས་གཉེན་རྣམས་ཀྱས་བསྟོད་པར་འགྱུར་བ་སོགས་ཕན་ཡོན་བཅུ་གསུངས་ཤིང༌། ཉན་ས་ལས། འགྱོད་པ་མེད་པ་སྔོན་དུ་འགྲོ་བའི་རིམ་པས། །ཞེས་པ་ནས། སྨོན་ལམ་ཐམས་ཅད་ཡང་འགྲུབ་པར་འགྱུར་པའོ། །ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་ལ། རྗེ་བདག་ཉིད་ཆེན་པོས་ཀྱང༌། གནས་སྐབས་འབྲས་བུ་ལྷ་མི་དང༌། མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར། ཞེས་གསུངས་པ་ལྟར། གནས་སྐབས་ཀྱི་འབྲས་བུ་ལྷ་དང་མིའི་ནང་དུ་སྐྱེས་ནས་མངོན་མཐོའི་དཔལ་ཕུན་སུམ་ཚོགས་པ་ལ་ཡུན་རིང་བོར་ལོངས་སྤྱོད་པ་དང༌། །མཐར་ཐུག་ཐེག་པ་གསུམ་པོ་གང་གི་བྱང་ཆུབ་དོན་དུ་གཉེར་བ་དེ་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་གོང་སྨོས་རྣམས་ལ་མངོན་པ་ནས་ལས་སྣས་དོ་དམ་བྱེད་ཅིང༌། མི་མངོན་པ་ནས་དམ་ཅན་ཆོས་ཀྱི་རྒྱལ་པོ་དང༌། བཙན་རྒོད་བསྭེའི་ཁྲབ་ཅན་སོགས་མཐུན་ལྡན་བསྲུང་མའི་ཚོགས་ཀྱིས་ཚར་གཅོད་རྗེས་འཛིན་གཡེལ་བ་མེད་པར་མཛོད་ཅིག །སྨྲས་བ། གང་ཞིག་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །རིང་དུ་གནས་པ་བསླབ་ཁྲིམས་ལ་རེག་པའི། །དེ་ཕྱིར་གསང་སྔགས་རིག་པ་འཛིན་པའི་སྡེའི། །བླང་དོར་བཅའ་ཁྲིམས་རིམ་པ་མདོ་ཙམ་སྤེལ། །འདིར་འབད་དགེ་ཚོགས་གསེར་ཕྱེ་འདྲེན་པའི་རྒྱུན། །རྙེད་བཀུར་འདམ་ཀྱི་དྲི་མས་མི་སྦགས་པར། །རྒྱལ་སྲས་སྤྱོད་པའི་ཀླུང་ཆེན་དང་འགྲོགས་ཏེ། །ཐར་མཆོག་རྒྱ་མཚོའི་ཀློང་དུ་འཇུག་གྱུར་ཅིག །རབ་འཇིགས་མཐུ་སྟོབས་རྩལ་གྱིས་དགྲ་བགེགས་དཔུང༌། །གཞོམ་མཛད་དགྲ་སྡེའི་གཤེད་མ་ཆོས་ཀྱི་རྒྱལ། །བསྟན་བསྲུང་སྲོག་བདག་དབང་གི་སྐྱེས་བུ་ཡིས། །ནམ་ཡང་གཡེལ་མེད་སྡེ་འདི་བསྲུང་སྐྱོབས་མཛོད། །ཅེས་སྒྲུབ་སྡེ་ཆེན་པོ་དགའ་ལྡན་བསམ་གཏན་གླིང་གི་བཅའ་ཁྲིམས་ཀྱི་རིམ་པ་མདོ་ཙམ་བརྗོད་པ་ལེགས་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། གནམ་སྐོས་གོང་མ་ཆེན་པོའི་ལུང་གིས་མངོན་པར་མཐོ་བ་ཁང་སར་དཔོན་པོ་གཉེར་བ་བཅས་དང༌། ཆོས་སྡེ་འདི་ཀའི་ལས་སྣ་རྣམས་ཀྱིས་བསྐུལ་བའི་ངོ་མ་ལྡོག་ཙམ་དུ། ྋདབྱངས་ཅན་བཞད་པས་རབ་ཚེས་ཕུར་བུ་ཞེས་བ་ས་སྤྲེལ་ཀྱི་ལོའི་ཆོ་འཕྲུལ་ཟླ་བའི་བཅད་རྒྱའི་ཐུན་གསེང་ལ་སྦྱར་བའི་ཡི་གེ་བ་ནི་གྲགས་པ་ཀླུ་སྒྲུབ་ཀྱིས་བགྱིས་པ་འདིས་ཀྱང་བཤད་སྒྲུབ་བསྟན་པའི་བ་དན་སྲིད་པ་གསུམ་གྱི་བླ་ན་གཡོ་བར་གྱུར་ཅིག །  །།

དཔྱད་མཆན་སྤེལ།