འདིར་ཇོ་ལུགས་སྒྲོལ་མ་ཕོངས་སེལ་མ་ལ་བརྟེན་ནས་ལོངས་སྤྱོད་དངོས་གྲུབ་སྒྲུབ་ཚུལ་སོགས། ཐོར་བུ་སྣ་ཚོགས་ཀྱི་སྐོར།

༄༅། །ན་མོ་གུ་རུ་ཨརྱ་ཏཱ་རེ་ཡ། འདིར་ཇོ་ལུགས་སྒྲོལ་མ་ཕོངས་སེལ་མ་ལ་བརྟེན་ནས་ལོངས་སྤྱོད་དངོས་གྲུབ་སྒྲུབ་ཚུལ་ནི་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་རྗེ་བཙུན་སྒྲོལ་མར་གསལ་བ་ཡི། །མདུན་དུ་པད་ཟླར་ཏཱཾ་ལས་བླ་མ་དང༌། །དབྱེར་མེད་ཕོངས་སེལ་སྒྲོལ་མ་གསེར་གྱི་མདོག།།ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་གཏེར་བུམ་བསྣམས། །གཡོན་པས་མཐེབ་སྲིན་ཕྱག་རྒྱས་ཨུཏྤལ་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །མཚན་དཔེའི་དཔལ་འབར་སྐྱིལ་ཀྲུང་ཕྱེད་པས་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་ལེགས་མཚན་ཞིང༌། །ཏཱཾ་ཡིག་འོད་ཀྱིས་བླ་མ་ཡི་དམ་དང༌། །མཆོག་གསུམ་སྲུང་ཚོགས་སྤྱི་དང་ཁྱད་པར་དུ། །འཕགས་མ་ནོར་ལྷའི་ཚོགས་ཀུན་སྤྱན་དྲངས་ཏེ། །ཐིམ་པས་སྐྱབས་གསུམ་ཀུན་འདུས་ངོ་བོར་གྱུར། །དེ་ནས། །རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཡན་ལག་བདུན་པ་དང༌། །མཎྜལ་ཕུལ། །ཕྱག་འཚལ་ས་གཞི་སྐྱོངས་པའི་ཚོགས་རྣམས་྾སྒྲོལ་མ། ཤོ་ལོ་ཀ་འདི་ཅི་ཐུབ་བརྗོད། ཐུགས་ཀར་ཟླ་སྟེང་ཏཱཾ་ཡིག་སྔགས་འཕྲེང་ལས། །ལྕགས་ཀྱུའི་དབྱིབས་ཅན་འོད་ཟེར་དཔག་མེད་འཕྲོས། །འཇིག་རྟེན་ཁམས་ཀྱི་མི་ནོར་ཟས་གསུམ་དང༌། །ལོངས་སྤྱོད་རྐང་འགྲོ་རིན་པོ་ཆེ་ལ་སོགས། །འཁོར་འདས་དཔལ་འབྱོར་མཐའ་དག་ཉེར་བཀུག་ནས། །རང་དང་འཕགས་མར་ཐིམ་པས་ལྷའི་ཞལ་ནས། །ནོར་བུའི་ཆར་གྱིས་རང་གི་ཡུལ་ཁམས་དང༌། །གནས་ཁང་བང་མཛོད་ཐམས་ཅད་གང་བར་གྱུར། །དམིགས་པ་དང་བཅས་ཏེ། ཏཱ་རེ་དང༌། །ཨོཾ་ཛམ་བྷི་ནི་མོ་ཧཱི་སྭཱཧཱ། ཞེས་བའི་སྔགས་གཉིས་ཅི་མང་བཟླས་མཐར། སྔགས་གཉིས་ཀྱི་སྭཱཧཱ་གོང་དུ།ཟས་ནོར་ལོངས་སྤྱོད་སོགས་མཁོ་དགུའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག་སྭཱཧཱ།  ཞེས་སྤེལ་ཚིག་བཏག་པའང་བཟླ་དེ་ནས། རླབས་ཆེན་སྦྱིན་བའི་ཕ་རོལ་ཕྱིན་རྫོགས་པའི། །ཡོན་ཏན་རིན་ཆེན་མཛོད་ལ་མངའ་བསྙེས་ན། །སྔོན་གྱི་ཐུགས་བསྐྱེད་དུས་ལ་བབས་དགོངས་ཏེ། །འགྲོ་བའི་དབུལ་བ་སོལ་ཅིག་རྗེ་བཙུན་མ། །ཁྱད་པར་ཁྱོད་ཞབས་རྟག་ཏུ་གུས་བརྟེན་པ། །བདག་ཅག་དཔོན་སློབ་སྦྱིན་བདག་བཅས་པ་ཡི། །ཟས་ནོར་ལོངས་སྤྱོད་མཁོ་དགུའི་དཔལ་འབྱོར་ཀུན། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་པར་མཛོད། །ལོག་པའི་འཚོ་བ་དང་བྲལ་ཆོས་མཐུན་གྱི། །འབྱོར་བ་དང་བཅས་བཤད་དང་སྒྲུབ་པ་ཡི། །བསྟན་པའི་བྱ་བ་ལྷུན་གྱིས་གྲུབ་གྱུར་ནས། །མ་ལུས་འགྲོ་བའི་མགོན་དུ་འགྱུར་བར་ཤོག།མདུན་གྱི་རྗེ་བཙུན་མ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་གྱུར། །པར་བསམ་ལ་དགེ་བ་འདི་ཡས྾ཕོངས་སེལ་སྒྲོལ་མ྾ཐམས་ཅད་ནམ་མཁའ་མཛོད་བཞིན྾ཞེས་སོགས་དང༌། འབད་དང་སྩོལ་བ་མི་དགོས༌྾ཞེས་སོགས་བརྗོད། ཅེས་པ་འདི་ནི་ཁྲི་ཟུར་མཚེ་མཆོག་སྤྲུལ་ཀྱིས་ཐུགས་འདོད་ལྟར་ ༧ དབྱངས་ཅན་བཞད་པས་སྦྱར་བའོ།། ༄༅། །ཀྱཻ་གསེར་ལྡན་རྒྱན་གཅིག་ནགས་ཚལ་གོས་གྱོན་པའི། །སྐྱ་རེངས་ནུ་བོའི་དབྱིབས་ཅན་རི་དབང་ལ། །གནས་བཅས་གཉན་ཆེན་དགྲ་ལྷའི་རྒྱལ་པོ་ཆེ། །སྐུ་མདོག་རབ་དཀར་དུང་རྟ་གཡུ་རྔོག་ཆིབས། །ཕྱག་གཡས་དར་དཀར་གཡོན་པས་གཏེར་བུམ་བསྣམས། །གོ་ཁྲབ་བསྭེ་རྨོག་དཔའ་བོའི་ཆས་ཀྱིས་སྤྲས། །བཙུན་མོ་སྲས་དང་འཁོར་འབངས་བཅས་བ་རྣམས། །དགྱེས་འཛུམ་ངོམས་བཞིན་གནས་འདིར་ད་ཚུལ་བྱོན། ། དུ་བའི་སྐྲ་ཅན་ཆེས་ཆེར་འབར་བའི་ནང༌། །རྩི་ཤིང་སྨན་འབྲུ་དར་ཟབ་ཟས་སྣའི་རིགས། །བསྲེགས་པའི་དུད་སྤྲིན་ཇ་ཆང་གསེར་སྐྱེམས་སོགས། །བསང་མཆོད་རྒྱ་མཚོ་འབུལ་གྱིས་དགྱེས་བཞིན་བཞེས། །གཞན་ཡང་མདའ་མདུང་གཏེར་བུམ་གོ་ཁྲབ་སོགས། །ཁྱོད་ཐུགས་དགྱེས་བསྐྱེད་མཁོ་དགུའི་མཆོད་པའི་ཚོགས། །ནོར་འཛིན་ཁྱོན་དང་འཆི་མེད་ལམ་བཀང་སྟེ། །འབུལ་ན་དགྱེས་པ་ཆེན་པོས་རོལ་པར་མཛོད། །ཁྱེད་ལ་རེ་ཞིང་ལྟོས་པའི་ཡུལ་ཕྱོགས་འདིའི། །མི་ལ་ནད་མེད་བདེ་སྐྱིད་དཔལ་གྱིས་འཚོ། །ནོར་ཕྱུགས་འཕེལ་ཞིང་གཅན་སྦྱང་འཚེ་བ་བྲལ། །དགྲ་ཅག་མི་ཁ་གླིང་གྱོད་ཞི་བར་མཛོད། །ཆར་ཆུ་དུས་འབེབས་སད་སེར་བཙན་ཐན་བྲལ། །ལོ་ཏོག་འབྲུ་སྣའི་ཚོགས་རྣམས་ཆེས་ཆེར་རྒྱས། །ཡུལ་ཕྱོགས་མི་ཕྱུགས་ཀུན་ལ་གཡང་ཆགས་ཏེ། །དབང་ཐང་ཀླུང་རྟ་ཟླ་ལྟར་རྒྱས་པར་མཛོད།། ༧ དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །ཆོས་དབྱིངས་རང་བཞིན་ཨིནྡྲར་ནི་ལའི་མདོག།།ཞལ་གཅིག་ཕྱག་གཉིས་ས་གནོན་མཉམས་བཞགས་མཛད། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ། ཨོཾ་ཀཾ་ཀ྾སྭཱཧཱ། གང་མང་བཟླ། བླ་མ་མི་འཁྲུགས་མགོན་པོར་གསོལ་བཏབ་མཐུས། །བདག་དང་ཕ་མའི་གཙོར་བྱས་འགྲོ་ཀུན་གྱི། །སྡིག་ལྟུང་སྒྲིབ་གཉིས་དྲི་མ་ཀུན་བྱང་ནས། །ལམ་བཟང་རིམ་བགྲོད་སྐུ་བཞིའི་དཔལ་ཐོབ་ཤོག།།ཅེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །འཇམ་དཔལ་དབྱངས་བཞིན་མཁྱེན་བརྩེའི་ཡོན་ཏན་ཀུན། །རབ་རྫོགས་གདུལ་བྱ་རྒྱ་མཚོ་ཐར་ལམ་དུ། །འདྲེན་ལ་ཟླ་བྲལ་ཐར་པའི་ས་མཁན་མཆོག། །བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །རབས་འབྱམས་ཞི་ཁྲོ་འདུས་པའི་ངོ་བོ་ཉིད། །ཁྲོ་རྒྱལ་ཁྲག་འཐུང་ཧ་ཡ་གྷྲྀ་ཝའི་བཀའ། །གནོད་བྱེད་སྡེ་བརྒྱད་རྒྱལ་འགོད་དམ་སྲི་དང་། །ཟ་འདྲེ་ཤི་གཤེད་ཐེའུ་རང་ཚོགས་རྣམས་ཉོན། །ཕན་པ་བསྒྲུབ་བའི་འབྲས་བུ་བདེ་བ་དང༌། །གནོད་པ་བྱས་བའི་འབྲས་བུ་སྡུག་བསྔལ་འབྱུང༌། །དེས་ན་རང་གི་ལུས་ལ་དཔེ་འཇོག་ལ། །གཞན་ལ་གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོངས། །གལ་སྲིད་ཧེ་རུ་ཀཿཡི་བཀའ་འདས་ན། །འཕྲལ་དུ་ལུས་སྲོག་རྡུལ་དུ་བརླག་པ་དང༌། །ཕྱི་མར་བཟོད་དཀའི་སྡུག་བསྔལ་མྱོང་དགོས་པས། །འདི་ཕྱི་གཉིས་ཀར་ཕུང་བས་གོ་བར་གྱིས། །ཞེས་པ་འདི་ཡང་དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །ཨོཾ་རྨད་བྱུང་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །རྣམ་བཞིའི་མགྲོན་གྱི་འཁོར་ཀྱིས་ཡོངས་བསྐོར་བ། །སྤྱན་འདྲེན་འདིར་གཤེགས་དགྱེས་བཞིན་བརྟན་པར་བཞུགས། །སྣང་ལ་རང་བཞིན་མེད་པའི་མཆོད་བའི་རྫས། །རོ་བརྒྱའི་དཔལ་འཛིན་བཟའ་བཅའ་ལྷུན་པོར་འགྲན། །འོ་ཞོ་གསེར་སྐྱེམས་བཏུང་བ་མཚོ་ལྟར་འཁྱིལ། །དགྱེས་བསྐྱེད་མཐུན་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཁྱད་པར་སྨན་སྤོས་ཙནྡན་དཀར་དམར་དང༌། །ལྷ་ཤིང་ཤུག་པ་པ་ལི་མཁན་བ་སོགས། །བསྲེག་བའི་དུད་སྤྲིན་ལྷ་ལམ་འགེངས་པ་འདི། །གུས་བས་འབུལ་ན་དགྱེས་བཞིན་བཞེས་སུ་གསོལ། །བདག་ཅག་དཔོན་སློབ་ལྟོས་བཅས་མཐའ་དག་ལ། །འཇིགས་ཆེན་བརྒྱད་སོགས་ཉེར་འཚེའི་སྨག་རུམ་ཀུན། །འཕྲིན་ལས་འོད་ཟེར་སྟོང་གིས་ལེགས་གསལ་ནས། །ཆོས་སྲིད་འབྱོར་བའི་པད་ཚལ་རྒྱས་པར་མཛོད། །ཅེས་པ་འདི་ནི་དགེ་འདུ་སྤྲུལ་པའི་སྐུའི་བཀའ་གནང་ལྟར།།དབྱངས་ཅན་བཞད་པས་བྲིས་བའོ།།   
༄༅། །བླ་མ་མཆོག་དང་དབྱེར་མེད་ཧེ་རུ་ཀསཿ །བདག་དང་འགྲོ་བ་མ་རྒན་མ་ལུས་བ། །རྣམ་ཀུན་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ། །འདི་ཕྱི་བར་དོའི་འཇིགས་ལས་བསྐྱབ་ཏུ་གསོལ།_ །དལ་འབྱོར་རྟེན་ཐོབ་ཐོས་བསམ་སྒོམ་ལ་བརྩོན། །ངེས་འབྱུང་བྱང་སེམས་ལྟ་བས་རྒྱུད་སྦྱངས་ནས། །རྡོ་རྗེ་ཐེག་པའི་ལམ་བཟང་མཐར་ཕྱིན་ཏེ། །འཁོར་ལོ་སྡོམ་བའི་གོ་འཕང་མྱུར་ཐོབ་ཤོག།།ཅེས་པ་འདི་ནི་དད་ལྡན་དཀོན་མཆོག་སྨོན་ལམ་གྱིས་རྗེའི་སྐུ་བསྙན་ཁ་དར་བཅས་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་བྲིས་བའོ།།    
༄༅། །རྒྱལ་བ་ཀུན་དངོས་དག་དབང་ཆོས་འཕེལ་དང༌། །གདོད་མའི་མགོན་པོ་མ་ཏིའི་མཚན་ཅན་གྱི། །ལེགས་གསུང་བདུད་རྩི་མྱོང་བའི་སྐལ་བཟང་བ། །ངུར་སྨིག་འཛིན་པ་དབྱངས་ཅན་བཞད་པའི་སྡེ། །བཀའ་དྲིན་མཉམ་མེད་གསུམ་ལ་གསོལ་བ་འདེབས། །དེང་བཟུང་ཚེ་རབས་པདྨའི་ཕྲེང་བ་རུ། །བཤེས་གཉེན་ཉིན་བྱེད་སྣང་བས་ལེགས་བསྐྱངས་ནས། །ས་ལམ་རྟོགས་པའི་འདབ་མ་རབ་བཞད་དེ། །སྐུ་གསུམ་འབྲས་བཟང་བཅུད་ཀྱིས་གཏམས་བར་ཤོག། ཚུལ་འདི་དགེ་སློང་བློ་བཟང་གི་འདོད་མོས་ལྟར། དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །རཱ་ཛའི་སྤྱི་བོར་པདྨ་ཟླ་བའི་སྟེང༌། །བླ་མ་མཆོག་དང་དབྱེར་མེད་སྤྱན་རས་གཟིགས། །གསལ་བའི་ཐིགས་ཀའི་ཧྲཱིཿ ལས་འོད་འཕྲོས་བས། །ཕྱོགས་བཅུའི་ཞིང་གི་རྒྱལ་དང་རྒྱལ་སྲས་ཀུན། །ཐུགས་རྗེ་ཆེན་པོའི་རྣམ་པར་སྤྱན་དྲངས་ཏེ། །དེ་ཡི་སྤྱི་བོར་དགྱེས་བཞིན་བཞུགས་པར་གྱུར། །བླ་མ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་འདི་ལ་བྱིན་གྱིས་རློབས། །སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན། །བབས་བས་དེ་ཡི་ལུས་སེམས་བདེ་བས་གར། ། བསམ་སྦྱོར་ངན་པའི་གདུག་རྩུབ་རབ་ཞི་ནས། ། བྱམས་དང་སྙིང་རྗེས་སེམས་རྒྱུད་དུལ་བར་གྱུར། །སྙིང་རྗེའི་རང་ནས་བདུད་རྩི་འབེབས་སྦྱངས་ཀྱི་དམིགས་པ་དང་བཅས་ཡིག་དྲུག་བཟླ། སྐྱབས་ཡུལ་མཐའ་དག་དགྱེས་བཞིན་རཱ་ཛ་ལ། །ལེགས་ཐིམ་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས། །དེ་ཡི་སྒོ་གསུམ་དབྱེར་མེད་གྱུར་བའི་མཐུས། །གནོད་བའི་སེམས་ཞི་ཕན་པའི་སེམས་ལྡན་གྱུར། །བརྒྱུད་ལྡན་དམ་བའི་བཀའ་དང་ཐ་ཚིག་གི །དམ་ལས་འདས་ན་འགོ་བོ་ཚལ་བ་བརྒྱར། །འགས་པར་འགྱུར་ཞིང་ཕྱི་མར་མནར་མེད་དུ། །ལྟུང་ཕྱིར་དམ་ཚིག་ལས་འབྲས་ཚུལ་བཞིན་སྲུངས། །སྲས་བཅས་རྒྱལ་བ་ཡོངས་ཀྱི་བྱིན་རླབས་དང༌། །འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེས་མཐུས། །དེ་ཡི་རྒྱུད་ཀྱི་གདུག་རྩུབ་རབ་ཞི་ནས། །རྟག་ཏུ་དགའ་བདེའི་དཔལ་གྱིས་འཚོ་བར་ཤོག།།འབྱུང་བོ་གང་དག་ཕྱོགས་འདིར༌྾྾྾ཆོས་སྤྱོད་པར་ཤོག།   
༄༅། །རིགས་གསུམ་སྒྱུ་འཕྲུལ་འཇམ་མགོན་བླ་མ་དང༌། །དབྱེར་མེད་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་འདེབས་ན། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། ། དེང་བཟུང་བྱང་ཆུབ་པར་དུ་མགོན་ཁྱོད་ཀྱིས། །རྗེས་བཟུང་སེམས་རྒྱུད་ཆོས་དང་འདྲེས་པ་དང༌། །རྣམ་དག་ཐོས་བསམ་སྒོམ་པ་མཐར་ཕྱིན་ནས། །མཁའ་མཉམ་འགྲོ་བ་སྒྲོལ་པའི་དཔལ་ཐོབ་ཤོག། ཅེས་པ་འདི་ནི་དད་ལྡན་དགེ་སློང་བློ་ཁོས་བསྐུལ་བ་ལྟར་དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ།།  
༄༅། །མཛོ་བོ་ལ། སྙན་བའི་ངུར་སྒྲས་སྙིང་ལ་གེ་སྟེར་ཞིང༌། །རྣོ་བའི་རྭ་ཅོ་ལྷ་ལམ་ངོས་སུ་གཟེངས། །དབང་པོ་ཀུན་ཚང་ཁུར་གྱིས་མི་ངལ་བ། །རྔམས་ཤིང་བརྗིད་ཆགས་མཛེས་པའི་མཛོ་པོ་འདི྾། །མཛོ་མོ་ནི། ལུས་ཅན་ཡོངས་ཀྱི་ལུས་སྟོབས་རྒྱས་བྱེད་པའི། །རབ་དཀར་འཛད་མེད་འོ་མའི་རྒྱུན་འཛིན་ཅིང༌། །རླུང་གི་རྒྱལ་མཚན་ལྟར་བཀྲའི་རྒྱན་སྤྲས་པ། །གང་བས་མ་འདོད་པ་འཇོ་བའི་མཛོ་མོ་འདི྾རྒོད་མ་ལ། ཤ་རྒྱས་སྤུ་སྡུག་རྟ་ཕྱུགས་འཕེལ་བའི་གཞི། །སྣ་ཚོགས་དར་ཚོན་རྒྱན་གྱིས་ཉེ་བར་སྤུད། །སྐྱེ་འགྲོའི་རེ་བའི་འབྲས་བུ་སྐོང་མཛད་བ། །རབ་མཛེས་གཡང་ཆགས་ལྷ་རྟེན་རྒོད་མ་འདི྾། དྲེའུ་ལ། གསེར་གཡུའི་ཕྲ་བཀོད་སྒ་སྲབ་ཆས་ཀྱིས་མཛེས། །ནོར་འཛིན་བུ་མོའི་ལྟོ་བར་རླུང་ཤུགས་ཀྱིས། །ངལ་མེད་བགྲོད་ཚེ་ནམ་མཁའི་ནོར་བུ་ཡི། །ཁེངས་བ་ཕམ་བྱེད་སྟོབས་ལྡན་དྲེའུ་འདི྾། བཀྲ་ཤིས་གཡང་གི་ལྷ་ཆེན་ལ་རྟེན་འབུལ་བྱེད་ན། །མཐུ་སྟོབས་རྩལ་གྱིས་དགྲ་སྡེ་ཕྱེ་མར་འཐག། །ཡུལ་མིའི་སྐྱེ་འགྲོ་བདེ་སྐྱིད་དཔལ་ལ་སྦྱོར། །དགྲ་ལྷའི་རྒྱལ་པོ་གཡང་གི་ལྷ་ཆེན་ལ྾ཡང་ན། སྔོན་བསགས་ལས་སྨོན་ཚ་ཟེར་སྟོང་འབར་བས། །ལྗོངས་འདིའི་བདེ་སྐྱིད་པད་ཚལ་རྒྱས་མཛད་པ། །བཀྲ་ཤིས་དཔལ་འབར་གཡང་གི་ལྷ་ཆེན་ལ྾། །ཅེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།། 
༄༅། །བྷྱོཿའདོད་པའི་ཁམས་ལ་ལས་བཞིའི་འཕྲིན་ལས་ཀྱིས། །དབང་བསྒྱུར་རྒྱལ་བ་ཀུན་ཡུམ་རེ་མ་ཏཱི། །བཀའ་བཞིན་སྒྲུབ་པའི་འཁོར་ཚོགས་རྒྱ་མཚོ་བཅས། །འདིར་གཤེགས་མཆོད་པའི་ཡུལ་དུ་བརྟན་པར་བཞུགས། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་མཐུན་པའི་རྫས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་བཟོད་པ། །གུས་པས་འབུལ་གྱིས་བརྩེ་བས་ལེགས་བཞེས་ནས། །གང་བཅོལ་ལས་རྣམས་མ་གཡེལ་མྱུར་དུ་སྒྲུབས། །གྲུབ་གཉིས་འདོད་དགུའི་ཆར་ཆེན་འཇོ་བའི་དཔལ། །ཟླ་མེད་སྐྱབས་གཅིག་བསམ་འཕེལ་དབང་གི་རྒྱལ། །མཁས་མང་ཀླུ་དབང་གཙུག་ཏུ་རྟག་བརྟན་ཅིང༌། །མཛད་བཟང་གཟི་འོད་བླ་ན་འབར་བར་མཛོད། །རྒྱལ་བསྟན་སྤྱི་དང་འཇམ་དཔལ་སྙིང་པོ་ཡི། །འཁྲུལ་བྲལ་རིང་ལུགས་པདྨ་དཀར་པོའི་ཚལ། །བཤད་སྒྲུབ་སྦྲང་རྩིའི་དགའ་སྟོན་ཆེར་རྒྱས་ཏེ། །ཡིད་ཅན་བུང་བའི་བདེ་སྐྱིད་འཕེལ་བར་མཛོད། །ཐུབ་བསྟན་ལི་ཁྲིའི་ཆུ་གཏེར་མཛེས་པའི་རྒྱན། །བློ་གསལ་ངང་མོ་བྱེ་བས་སྡེ་འདི་གང༌། །ལུང་དང་རིགས་བའི་གཤོག་ཡངས་རབ་བསྐྱོད་དེ། །བཤད་སྒྲུབ་མགྲིན་པའི་རོལ་མོ་ཆད་མེད་མཛོད། །དེ་ཡི་བྱེ་བྲག་གསང་ཆེན་རིག་འཛིན་སྡེ། །ཐན་མོང་ལམ་གྱི་རྩ་བ་རབ་ཏུ་བརྟན། །རིམ་གཉིས་ཟབ་མོའི་ཡལ་ཀའི་ཁྱོན་ཡངས་རྩེར། །ཟུང་འཇུག་འབྲས་བཟང་གཡུར་དུ་ཟ་བར་མཛོད། །ལྟོས་བཅས་སྡེ་འབངས་དད་ལྡན་སྦྱིན་བདག་བཅས། །རིགས་རྒྱུད་འཕན་དར་ཕ་མེས་སྲོལ་བཟང་ཟིན། །གོད་ཡམ་མི་འབྱུང་གནག་ཕྱུགས་འཕེལ་ཁ་དར། །དགྲ་ཇག་ཉེར་འཚེས་ནམ་ཡང་མི་བརྫི་མཛོད། །ལྷག་བསམ་དག་པས༌྾དམག་ཟོར་རྒྱལ་མོ྾རྟག་ཏུ་གྲོགས་བྱེད་ཤོག།།ཅེས་འདོད་ཁམས་ཡོངས་ཀྱི་བདག་མོ་དཔལ་ལྡན་དམག་ཟོར་མའི་འཕྲིན་བཅོལ་ལྷ་ཞལ་འཛུམ་བའི་དགའ་སྟོན་ཞེས་བྱ་བ་འདི་ནི། འདི་གའི་དུས་འཁོར་གྲྭ་ཚང་གི་དགེ་རྒན་སངས་རྒྱས་ནས་ཡང་ཡང་བསྐུལ་ངོ་མ་བཟློག་པ་ ༧ དབྱངས་ཅན་བཞད་པས་རྡོ་རྗེས་སྦྱར་བའོ།།    ༄༅། །གང་ལ་བརྟེན་ན་བསླུ་མེད་སྐྱབས་ཀྱིས་ཕུལ། །བླ་མ་མཆོག་གསུམ་ཡིད་དམ་ཞི་ཁྲོ་དང༌། །དཔའ་བོ་མཁའ་འགྲོ་མཐུ་ལྡན་སྲུང་ཚོགས་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །བདག་གིས་བྱ་བ་གང་དང་གང་བརྩམ་པ། །ཡིད་ལ་སྨོན་བཞིན་གེགས་མེད་འགྲུབ་པ་དང༌། །དུས་མིན་འཆི་བ་ནད་རིམས་གདོན་བགེགས་དགྲ། །བྱད་ཕུར་ལ་སོགས་ཉེར་འཚེ་ཞི་བར་མཛོད། །ཚེ་བསོད་སྟོབས་འབྱོར་སྙན་གྲགས་རླུང་རྟ་སོགས། །ཡར་ཟླ་ལྟར་འཕེལ་སྐྱེ་དགུ་དབང་དུ་འདུ། །ནག་ཕྱོགས་དགྲ་སྡེ་རྡུལ་དུ་བརླག་པ་སོགས། །ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག།། ༧ དབྱངས་ཅན་བཞད་པས་སྦྱར་བའོ།།    
༄༅། །རྒྱལ་ཀུན་འདུས་ཞལ་འཇམ་དབྱངས་བླ་མ་ཡི། །ཟབ་རྒྱས་ཆོས་ཚུལ་འདབ་བརྒྱའི་དགའ་ཚལ་མཆོག།།མཁྱེན་རབ་འོད་རྣོན་ཟེར་གྱིས་རྒྱས་མཛད་རྗེ། །དད་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བདག་ཀྱང་དེང་ནས་བྱང་ཆུབ་ཐོབ་ཀྱི་བར། ། མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེ་བཟུང་སྟེ། །གསང་མཛོད་འཛིན་པའི་སྲས་སུ་བདག་གྱུར་ཏེ། །སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་པར་ཤོག།།ཅེས་པ་འདི་ནི་དགེ་སློང་ཚུལ་ཁྲིམས་ཆོས་འཕེལ་གྱིས་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་སྦྱར་བའོ།།    
༄༅། །བློ་གཏེར་འཇམ་དཔལ་དབྱངས་དངོས་ཙོང་ཁ་བའི། །ལུགས་བཟང་དྲི་བྲལ་མདོ་སྔགས་ཆོས་ཚུལ་ཀུན། །མི་ཉམས་འཕེལ་ཞིང་རྒྱས་མཛད་ཆོས་ཀྱི་རྗེའི། །ཡང་སྤྲུལ་འཁྲུལ་བྲལ་མྱུར་ཏུ་གསལ་གྱུར་ཅིག།།ཞེས་པ་འདི་དབྱངས་ཅན་བཞད་པས་སྦྱར་བའོ།།    
༄༅། །བདག་ལ་ལྟོས་བའི་དུས་འདས་མ་རྒན་མ། །ངན་སོང་ལས་གྲོལ་བདེ་ལྡན་ཞིང་མཆོག་དུ། །སྐྱེས་ནས་འོད་དཔག་མེད་མགོན་ཞལ་མཐོང་ནས། །གསུང་གི་བདུད་རྩིའི་དགའ་སྟོན་མྱོང་བར་ཤོག།།༧ དབྱངས་ཅན་བཞད་པས་བྲིས་པའོ།།    
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །མཁྱེན་པའི་གཏེར་ཆེན་འཇམ་དཔལ་དཔའ་པོ་དང༌། །དབྱེར་མེད་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ལེགས་གཟིགས་ནས། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་དང༌། །ཆེ་གསལ་མྱུར་ཟབ་ཤེས་རབ་ཆེར་རྒྱས་ནས། །བཀའ་བོད་ལྔས་མཚོན་མདོ་སྔགས་རིག་གནས་ཀྱི། །ཚིག་དོན་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །རྣམ་དག་བསླབ་གསུམ་རྒྱན་གྱིས་ཉེར་མཛེས་ཤིང༌། །རང་རྒྱུད་ཉོན་མོངས་འཆིང་བ་ཀུན་སྤངས་ནས། །བྱམས་དང་སྙིང་རྗེས་སེམས་རྒྱུད་ཉེར་གཏམས་ཏེ། །ཅི་བྱས་བསྟན་འགྲོར་སྨིན་པའི་རྒྱུར་གྱུར་ཅིག། ༧ ཞེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །སྐྱབས་མཆོག་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང༌། །འཇམ་དབྱངས་མཁྱེན་རབ་རྒྱ་མཚོར་གསོལ་འདེབས་ན། །སྐྱེ་ཀུན་འབྲལ་མེད་རྗེས་སུ་འཛིན་པ་དང༌། །འདི་ཕྱི་བར་དོའི་འཇིགས་ལས་སྐྱབས་ཏུ་གསོལ། །ཞེས་པ་འདི་ནི་དད་སྦྱིན་མགོ་བ་གདུགས་དཀར་གྱིས་ལན་སྔ་ཕྱིར་ནན་ཆེར་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་ཐོར་བྱུང་དུ་སྨྲས་བའོ།།    
༄༅། །མཐའ་ཀླས་རྒྱལ་བའི་བྱ་སྒྲུབ་ཡེ་ཤེས་ཆ། །མ་ལུས་གཅིག་བསྡུས་དམར་གསལ་མཛེས་པའི་སྐུར། །ཡོངས་བཞེངས་བརྟན་གཡོའི་དངོས་ཀུན་འགུགས་མཛད་མ། །རྒྱལ་ཡུམ་དབང་གི་ལྷ་མོས་དགེ་ལེགས་སྩོལ། །ཁྱོད་ནི་རིངས་ནས་སྒྲིབ་གཉིས་སྦྱིན་སྐྱེས་དབུང༌། །ཡེ་ཤེས་ཞོ་འཐུང་རྡོ་རྗེས་ཉེར་བཅོམ་ནས། །སྐུ་བཞིའི་སུམ་རྩེན་བདག་པོར་དབང་བསྒྱུར་ཏེ། །ཕན་བདེའི་བདུད་རྩིའི་དགའ་སྟོན་ཅིར་ཡང་འགྱེད། །གདུལ་བྱའི་མོས་བའི་ཆུ་མཚོ་ཇི་སྙེད་པར། །སྒྱུ་འཕྲུལ་ཟླ་གཟུགས་བྱེ་བ་འགོགས་མེད་ཅིང༌། །ཁྱད་པར་མཛད་བཟང་འོད་དམར་ལྕགས་ཀྱུ་ཡིས། །སྲིད་ཞིའི་དངོས་ཀུན་འགུགས་ལ་ཟླ་དང་བྲལ། །དེ་ཕྱིར་བདག་ཡིད་དད་པའི་ཨ་དརྴ། །གང་གི་གསང་གསུམ་སྣང་བརྙན་ཉེར་བཀོད་དེ། །ཡིད་ལ་འདོད་པའི་རེ་བའི་འབྲས་བུ་རྣམས། །འགྲུབ་ཕྱིར་གསོལ་བ་འདེབས་འདི་ཡུད་ཙམ་དགོངས། །བཤེས་གཉེན་གྲོགས་མཆོག་དྲེགས་ལྡན་ཆེ་དགུ་དང༌། །ཟས་ནོར་མཁོ་དགུའི་ལོངས་སྤྱོད་འཁོར་དང་འབངས། ། རང་སེམས་ལ་སོགས་དབང་དུ་བསྡུ་ཕྱ་རྣམས། །ཁབ་ལེན་ལྕགས་ཕྱེར་འཕྲད་བཞིན་མྱུར་དུ་ཁུག །ཁྱད་པར་བསླབས་གསུམ་སྤུ་སྡུག་གྱོས་གྱོན་ཞིང་། །ལུགས་རིགས་གཤོག་ཡངས་དཀར་པོ་ཉེར་བསྐྱོད་པའི། །དཔྱོད་ཡངས་བློ་གསལ་འདབ་ཆགས་ལུས་དཀར་ཚོགས། །སྡེ་འདིའི་ཆུ་མཚོར་མྱུར་དུ་འགུགས་པར་མཛོད། །ཡིད་ལ་བསྣག་པའི་ཡུལ་དེའི་སྐལ་བཟང་རྣམས། །བློ་ཁ་ཆོས་ལ་ཕྱོགས་བཞིན་འདིར་འདུས་ནས། །ཐོས་བསམ་ལ་བརྩོན་དམ་པའི་ཆོས་སྒྲུབ་པའི། །མཐུན་རྐྱེན་ལེགས་ཚོགས་ལྷུན་གྱིས་འགྲུབ་པར་མཛོད། །བླ་མ་མཆོག་གསུམ་སྲུང་མའི་བྱིན་རླབས་དང༌། །རྒྱལ་ཡུམ་དབང་གི་ལྷ་མོའི་མཐུ་དང་སྟོབས། །འགྱུར་མེད་རྟེན་འབྱུང་ལྷན་ཅིག་ཚོགས་པའི་མཐུས། །ཡིད་ལ་རེ་འབྲས་གེགས་མེད་ལྷུན་འགྲུབ་ཤོག།།འདི་ཡང་དབྱངས་ཅན་བཞད་པས་སྦྱར་བའོ།།    
༄༅། །ཨོཾ་སྭ་སྟི།ཆེས་ཟབ་ཡུམ་དོན་གསལ་བྱེད་གཞུང་གི་མཆོག།།མི་ཕམ་ཞལ་ལུང་དོན་བཟང་ཟླ་ཤེལ་གཟུགས། །གསལ་བར་འཆར་བའི་ལེགས་བཤད་ཨདརྴ། །དངོས་བརྒྱད་བདུན་ཅུའི་སྒོ་ནས་བསྟོད་པའི་གཏམ། །ངོ་མཚར་དཔྱོད་ལྡན་ཡིད་ཀྱི་གསོས་སྨན་འདི། །ཕྱོགས་ལས་རྣམ་རྒྱལ་སྨྲ་བའི་སེང་གླིང་ཞེས། །གྲགས་སྙན་ཕྱོགས་ཀྱི་བུ་མོའི་ཟུར་ཕུད་རྩེར། །རབ་འབར་ཆོས་སྡེ་ཆེ་དེར་པར་དུ་བསྐྲུན། །འདིར་འབད་རྣམ་དཀར་ལེགས་བྱས་ཀུ་མུད་ཕྲེང༌། །རྣམ་གྲོལ་ཟེའུ་འབྲུའི་ཉེ་བར་སྤུད་པ་གང༌། །ལུས་ཅན་མཐོ་རིས་བུ་མོའི་མཛེས་རྒྱན་དུ། །མི་འབྲལ་དགའ་བདེས་རྟག་ཏུ་འཚོ་བར་ཤོག།།ཚུལ་འདིར་དད་ཅིང་གུས་པའི་ཉམས་ལེན་དང༌། །མཐུན་རྐྱེན་སྒྲུབ་པའི་མོས་ལྡན་འགྲོ་བ་རྣམས། །ཚེ་རབས་ཕྲེང་བར་ཐར་བའི་ས་མཁན་མཆོག།།ཡོངས་འཛིན་དམ་པའི་མགོན་གྱིས་རྗེས་འཛིན་ཤོག། དེ་ཚེ་ཟབ་རྒྱས་གསུང་གི་བདུད་རྩི་ཡིས། །རང་སེམས་གློ་བུར་སྒྲིབ་པ་ཀུན་སྦྱངས་ནས། །སྐུ་གསུམ་འབྲས་བཟང་སྨིན་པའི་དགའ་སྟོན་གྱིས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག། ཅེས་རྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བསྟོད་པའི་རབ་བྱེད་འདི་ཉིད་དཔར་དུ་བསྐྲུན་སྐབས་ཞུས་དག་པ་བློ་བཟང་ཆོས་ལྡན་སོགས་དང༌། ཡིག་མཁན་དཀོན་མཆོག་བཟོད་པ། སྐོས་མཁོན་བློ་བཟང་སྦྱིན་པ། བློ་བཟང་ལྷུན་འགྲུབ། དཀོན་མཆོག་ཚུལ་ཁྲིམས། བློ་བཟང་དགེ་འདུན། བློ་བཟང་ཡེ་ཤེས། བློ་བཟང་བཀྲ་ཤིས། ཤེར་རབ་བསྟན་འཕེལ་བཅས་ཀྱིས་བསྐུལ་ངོར་ ༧ དབྱངས་ཅན་བཞད་བས་བྲིས་པ་ཛ་ཡནྟུ།།   
 ༄༅། །ན་མོ་གུ་རུ། ཐུན་དང་པོ་ལ། ལྷ་བཞི་དྲིལ་སྒྲུབ། འཇིགས་བྱེད་གཏོར་འབུལ་དང་བཅས་པ་རྫོགས། བསྐངས་རྫས་བྱིན་རླབས། མགོན་པོའི་བསྐྱེད་པ། སྤྱན་འདྲེན། གྲིབ་སེལ། གཞུང་ལྟར་རྒྱས་པ། བསྐངས་བཤགས་བསྡུས་པ། བཟློག་པ། མགོན་པོའི་སྤྱི་གཙུག་ནས་བཟླས་པའི་མཐར་ཡིག་རྒྱ། གཏོར་མ་བྱིན་རླབས། ཨོཾ་ཤྲཱི་མཧཱ་ཀ་ལ་ས་ཝ་རི྾ཁཱ་ཧི། ལན་གསུམ། ཨོཾ་ཤྲཱི༌྾ ཨརྒྷཾནས། ཨོཾ་ཤྲཱི༌྾ཨོཾ་ཨཱཿཧཱུཾ། བླ་མ་མགོན་པོ་འཁོར྾ མ་ར་ཡ་ཕཊཿ མྱུར་མཛད་མ། དཀའ་བ་དང་བླང་མ། དཔལ་ལྡན་མགོན་པོའི་བཀའ་ཉན྾བླ་མ་མགོན་པོ་དབྱེར་མེད་ལ྾ མགོན་པོ་འཁོར་དང་བཅས་རང་གི་སྙིང་གའི་ཧཱུཾ་ལ་ཐིམ་པར་གྱུར། བསྔོ་སྨོན་མདོར་བསྡུས། ཐུན་གཉིས་པ་ལ། སྐྱབས་འགྲོ། རང་ཉིད་སྐད་ཅིག་གི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ྾ བསྐངས་རྫས་བྱིན་རླབས་བསྐྱེད་པ། སྤྱན་འདྲེན། ཧཱུཾ་དུར་ཁྲོད་ཆེན་པོ་྾མཆོད་པ་བསངས་ནང་མཆོད་སྔགས་འབུལ། དེ་མན་སྔར་ལྟར་རོ། ཐུན་ཐ་མ་ལ་ཡང་ཕལ་ཆེར། ཐུན་གཉིས་པ་ལྟར་ལ། བསྐངས་བཤགས་རྒྱས་པ། བསྐུལ་བ་མི་དགོས། གཏོར་འབུལ་དང་བསྟོད་པ་རྒྱས་པ། མཇུག་ཏུ། གཏང་རག་གི་མཆོད་བསྟོད་སྐབས་མགོན་པོའི་མཆོད་བསྟོད་བྱ། སྨོན་ལམ་ཡིག་བརྒྱ་བཟོད་གསོལ། གསོལ་འདེབས། མགོན་པོ་སྙིང་གར་བསྡུས། བདག་བསྐྱེད་ཉེར་བསྡུ། ཡོན་ཏན་རབ་རྫོགས་མ། ཞེས་མགོན་པོ་བསྙེན་བསྒྲུབ་བྱ་ཚུལ་འདི་ནི་དབྱངས་ཅན་བཞད་པས་བྲིས་བའོ། །   
༄༅། །མཚན་སྙན་ཨུཏྤལ་གསར་བའི་ཆུན་པོ་ནི། །གང་གི་སྒྲ་འཛིན་ལམ་དུ་འབྱོར་བའི་མོད། །ཕན་དང་བདེ་བའི་ལང་ཚོའི་ཉམས་རྫོགས་པ། །མཆོག་གསུམ་བྱིན་གྱིས་རྟག་ཏུ་དགེ་གྱུར་ཅིག།།མདོ་རྒྱུད་གཙུག་ལག་མཁའ་ལ་ཐོགས་མེད་དུ། །བློ་གྲོས་བཟང་བོའི་འོད་སྟོང་འབུམ་འགྱེད་པས། །རྣམ་གྲོལ་ཐར་པའི་ལམ་བཟང་གསལ་མཛད་པ། །བསྟན་པའི་ཉི་མ་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་རིང་ནས་ཐབས་ཤེས་མཚོན་རྣོན་གྱིས། །ཕྲ་རགས་བདུད་བཞིའི་གཡུལ་ངོ་ཕམ་བྱས་ཏེ། །གང་འཚམ་འགྲོ་བའི་དོན་ཆེན་སྒྲུབ་པ་ལ། །རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད། །འཕགས་བོད་འཛིན་མའི་ཁྱོན་ཡངས་མཛེས་པའི་རྒྱན། །དག་པའི་སྐྱེ་རབས་ཙན་དན་ལྗོན་པའི་འཕྲེང༌། །ཚར་དུ་དངར་བས་རྨོངས་པའི་གདུང་འཕྲོག་པ། །བགྲང་ཡས་སྤྲུལ་བའི་རོལ་བར་གསོལ་བ་འདེབས། །ཁྱད་པར་མདོ་སྨད་ས་ཡི་ཐིག་ལེ་འདིར། །བློ་བཟང་བསྟན་པའི་པད་ཚལ་རྒྱས་མཛད་པ། །ལྔ་རིག་སྨྲ་བའི་ཉི་མ་འོད་པོ་ཆེ། །འགྲོ་བའི་སྣང་བྱེད་མཆོག་ལ་གསོལ་བ་འདེབས། །མཁྱེན་པའི་གཏེར་ཆེན་རྗེ་བཙུན་འཇམ་པའི་དབྱངས། །མི་ཡི་ཟོལ་འཆང་བློ་བཟང་རྒྱལ་བ་ཡི། །བསྟན་པའི་ཉི་མ་སྐལ་བཟང་ཡིད་མཁའ་རུ། །འདྲེན་མཛད་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །སླར་ཡང་བརྩེ་ཆེན་དར་གྱི་སྲད་བུ་ལ། །བསྟར་དུ་བརྒྱུས་བའི་འཁྲུང་རབས་མུ་ཏིག་འཕྲེང༌། །སྐལ་བཟང་གདུལ་བྱའི་སྤྱི་བོའི་མཛེས་རྒྱན་དུ། །རྟག་ཏུ་ཆད་མེད་མཛད་ལ་གསོལ་བ་འདེབས། །མི་ཕྱེད་དད་པའི་དྲི་བཞོན་གྱིས་བསྐྱོད་པའི། །གང་ཐུགས་མཁྱེན་བརྩེའི་པད་ཚལ་ཡངས་པ་ལས། །བྱིན་རླབས་ཟིལ་མངར་བཅུད་ཀྱི་དགའ་སྟོན་མཆོག།།ཡིད་ཅན་བུང་བའི་གསོས་སུ་རྩོལ་བར་ཤོག། རྙེད་དཀའི་དལ་འབྱོར་རིང་དུ་མི་གནས་ཤིང༌། །ཕྱི་མའི་སྐྱེ་གནས་ལས་ཀྱི་རྗེས་འབྲང་ཕྱིར། །ཚེ་འདིའི་མདུན་མ་བསྒྲུབ་པའི་ཡིད་ལོག་སྟེ། །དམ་ཆོས་རྣལ་མ་སྒྲུབ་ལ་གཞོལ་བར་ཤོག།།མི་ཡི་བདེ་འབྱོར་མ་ཟད་ལྷ་དབང་གི། ཕུན་ཚོགས་དཔལ་ལ་ཡིད་སྨོན་མི་སྐྱེ་ཞིང༌། །བསླབ་གསུམ་རྣམ་པར་དག་པའི་ཉམས་ལེན་གྱིས། །རྣམ་གྲོལ་ཐར་པའི་བཙན་ས་ཟིན་པར་ཤོག།།མཁའ་མཉམ་འགྲོ་ཀུན་ཚེ་འདིའི་མ་བཞིན་དུ། །ཡང་ཡང་དྲིན་གྱིས་བསྐྱངས་ལ་ངེས་རྙེད་ནས། །བཅོམ་མིན་སྙིང་རྗེ་ཆེན་པོས་ཡིད་དྲངས་ཏེ། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག། གསང་ཆེན་སྒོར་ཞུགས་དམ་སྡོམ་སྲོག་དང་བསྡོས། །སྐྱེ་འཆི་བར་དོ་རྒྱལ་བའི་སྐུ་གསུམ་དུ། །བསྒྱུར་བའི་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །ཡན་ལག་བདུན་ལྡན་ཟུང་འཇུག་སྐུ་ཐོབ་ཤོག།། ཅེས་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པའི་སྤྱན་དཀྱུས་རིང་ཞིང་ལུང་རྟོགས་ཡོན་ཏན་གྱི་མངའ་བདག་བྱམས་མེ་བླ་མ་བློ་བཟང་བསྟན་པའི་ཉི་མའི་ཞལ་སྔ་ནས་ཀྱི་སྐུ་འཕྲེང་སྔ་ཕྱིའི་གསོལ་འདེབས་སྐལ་བཟང་དད་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི་དེ་གའི་དགོན་གྱི་ཕར་ཕྱིན་སྐབས་བཞི་བའི་སྐྱོར་དཔོན་རྣམ་དཔྱོད་ཀྱི་སྒོ་མཆོག་ཏུ་ཡངས་བ་ངག་དབང་བྱམས་པས་བཀྲ་ཤིས་པའི་ལྷ་དར་རིན་ཆེན་གཉིས་བའི་ཊཾ་ག་གསུམ་བཅས་ནན་ཆེར་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་སྦྱར་བའོ།།    
༄༅། །ཧཱུཾ་ཆོས་ཀྱི་དབྱིངས་ལ་རྣམས་རྟོག་མི་མངའ་ཡང་། །གདུལ་བྱའི་དོན་དུ་སྣ་ཚོགས་སྤྲུལ་བའི་གར། །སྟོན་མཛད་ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷར། །ཀུན་བཟང་མཆོད་སྤྲིན་འབུལ་གྱིས་དགྱེས་བཞིན་བཞེས། །འོག་མིན་བསིལ་ཚལ་ན་ལེནྡྲ་སོགས་ནས། །བསྟན་སྲུང་རྒྱ་མཚོ་སྡེ་དཔོན་རྡོ་རྗེ་གུར། །ནག་པོ་ཆེན་པོ་ཕྱག་དྲུག་ཕྱག་བཞི་པ། །མ་ལུས་འཁོར་བཅས་འདིར་བྱོན་མཆོད་གཏོར་བཞེས། །བོ་ཊ་ལ་དང་ལྷོ་ཕྱོགས་གཤིན་རྗེའི་གྲོང༌། །མུ་ལེ་ཏིང་སོགས་གར་བཞུགས་གནས་མཆོག་ནས། །ཞལ་བཞི་ལས་གཤིན་འདོད་ཁམས་དབང་མོ་སོགས། །མ་ལུས་འཁོར་བཅས་འདིར་བྱོན་མཆོད་གཏོར་བཞེས། །བསྟན་སྲུང་གཙོ་མོ་གནས་བདག་མཆེད་གསུམ་དང༌། །རྒྱལ་ཆེན་རྣམས་སྲས་འཛམ་ལྷ་རིགས་ལྔ་དང༌། །རྟ་ལྷ་ནོར་ལྷ་ལུག་ལྷ་ལ་སོགས་པ། །མ་ལུས་འཁོར་བཅས་འདིར་བྱོན་མཆོད་གཏོར་བཞེས། །རྨ་རྒྱལ་སྦོམ་ར་གཉན་བོ་གཡུ་རྩེ་དང༌། །མཐུ་ལྡན་ལོ་དེར་ཞིང་བློན་དྲག་པོ་རྩལ། །སྟག་སྙིང་དབང་ལྡན་དགྲ་ལྷའི་རྒྱལ་བོ་སོགས། །མ་ལུས་འཁོར་བཅས་འདིར་བྱོན་མཆོད་གཏོར་བཞེས། །ལྷ་ཆེན་པོ་ཏི་ནོར་སྟེར་དངུལ་བུམ་དང༌། །བ་ཤྲཱི་རྒོད་རྭ་རྡོ་ཆེན་བཀྲ་ཤིས་འོད། །རི་སེར་བྲ་མ་གཡག་སྙིང་ལ་སོགས་པ། །མ་ལུས་འཁོར་བཅས་འདིར་བྱོན་མཆོད་གཏོར་བཞེས། །གཞན་ཡང་ཡུལ་འདིའི་ཉིན་སྲིབ་ཆུ་ཤིང་མཚོར། །གནས་བཅས་ལྷ་ཀླུ་གཞི་ཡི་བདག་པོ་དང༌། །སྐྱེས་ལྷ་ཡུལ་ལྷ་སྡོང་གྲོགས་བྱེད་པའི་ལྷ། །མ་ལུས་འཁོར་བཅས་འདིར་བྱོན་མཆོད་གཏོར་བཞེས། །གསོལ་ལོ་མཆོད་དོ་རྒྱལ་བའི་བསྟན་སྲུང་རྣམས། །མཐུན་པའི་དམ་རྫས་ཕྱི་ནང་གསང་བའི་རྟེན། །མ་ལུས་དངོས་བཤམས་ཡིད་ཀྱིས་ལེགས་སྤྲུལ་ནས། །འབུལ་ལོ་དགྱེས་པ་ཆེན་པོའི་རོལ་བར་མཛོད། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བཀའ། །སྤྱི་བོར་བཞག་སོགས་དགོངས་ལ་བདག་ཅག་གི། །ཆོས་མཐུན་ལས་ལ་བར་གཅོད་ཉེར་འཚེ་ཀུན། །ཞི་ནས་མཐུན་རྐྱེན་མ་ལུས་འགྲུབ་པར་མཛོད། །ལམ་དུ་ཞུགས་ཚེ་དགྲ་ཇག་ཆོམ་རྐུན་དང༌། །མེ་ཆུ་གཡང་ས་ལ་སོགས་འཇིག་ཀུན་ཞི། །སྡོད་ཚེ་ནད་དང་གནོད་པ་ཀུན་ཞི་ནས། །སྡོང་གྲོགས་འཕྲིན་ལས་གཉན་པོ་འགྲུབ་པར་མཛོད། །ཞེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།།    ༄༅། །ཀྱཻ་ངོ་མཚར་བཀྲ་ཤིས་དཔལ་གྱི་རི་མོ་འབུམ། །མངོན་པར་མཛེས་པའི་ས་ཡི་ཐིག་ལེ་མཆོག།།དགེ་བཅུ་ཚང་བའི་རབ་བརྗིད་རི་དབང་ལ། ། གནས་བཅས་བཀྲ་ཤིས་གཡང་གི་ལྷ་ཆེན་དང༌། །ཡིད་འཕྲོག་སྒེག་ལྡེམ་ཡུམ་ཆེན་མཚོ་སྨན་མ། །སྲས་བློན་བཀའ་གཉན་མངག་གཞུག་བྲན་གཡོག་བཅས། ། རྣལ་འབྱོར་གུས་པས་གནས་འདིར་སྤྱན་འདྲེན་ན། །ཐོག་མེད་འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །འགག་མེད་སྤྲོས་བྲལ་བདེ་ཆེན་ངང་ཉིད་ལས། །ཏིང་འཛིན་སྔགས་རྒྱའི་བིར་གྱིས་བྲིས་པ་ཡིས། །ཐུགས་ལ་བདེ་སྟེར་མཆོད་པའི་ཚོགས་སྤྱི་དང༌། །ཁྱད་པར་ཙན་དན་དཀར་དམར་ཨ་ཀར་དང༌། །མཁན་ཤུག་བ་ལུ་བཟང་དྲུག་སྨན་ཀྱི་རིགས། །འབྲུ་སྣ་སྤོས་སྣ་དར་སྣ་གོས་སྣ་སོགས། །བསྲེག་པའི་དུད་སྤྲིན་ལྷ་ལམ་ཁྱབ་པ་འདི། །ཡུལ་ལྷའི་རྒྱལ་བོ་འཁོར་དང་བཅས་ལ་འབུལ། །གཞན་ཡང་ཇ་ཆང་འོ་ཞོ་མར་ཐུད་དང༌། །ཕྱེ་མར་གསེར་སྐྱེམས་སྲོག་ཆགས་གོ་མཚོན་སོགས། །དགྱེས་སྐྱེད་ཟད་མེད་མཐུན་པའི་མཆོད་པའི་ཚོགས། །འབུལ་ལོ་བཞེས་ལ་མ་གཡེལ་གྲོགས་མཛོད་ཅིག།།དེ་ལྟར་མཆོད་སྤྲིན་ཕུལ་ཏེ་ཉེར་སྐོལ་བ། །ཐུབ་བསྟན་དར་ཞིང་བསྟན་འཛིན་སྐུ་ཚེ་བརྟན། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་ཆོས་སྤྱོད་རྒྱས། །ཡངས་བའི་ལྗོངས་ཀུན་བདེ་སྐྱིད་རྒྱས་པར་མཛོད། །ཁྱད་པར་བདག་ཅག་ལྟོས་བཅས་མཐའ་དག་གི །མི་ཕྱུགས་ནད་རིམས་གདོན་བགེགས་བྱད་ཕུར་དང༌། །འཐབ་རྩོད་འཁྲུག་ལོང་ཁ་སྨྲས་གླེང་གྱོད་སོགས།། ཉེར་འཚེ་མཐའ་དག་ལྷག་མེད་ཞི་བར་མཛོད། །ཚེ་བསོད་སྟོབས་འབྱོར་མངའ་ཐང་རིགས་རྒྱུད་དང༌། །ཁ་རྗེ་སྙན་གྲགས་རླུང་རྟ་ནོར་ཕྱུགས་སོགས། །ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་མ་ལུས་པ། །ཆར་ལྡན་དུས་ཀྱི་མཚོ་བཞིན་རྒྱས་པར་མཛོད། །དཔོན་གྱི་ཚིག་བཙུན་འཁོར་འབངས་ཡིད་མཐུན་ངོས། །བསྒོ་བའི་ཚིག་ཉན་བཅོལ་བའི་ལས་རྣམས་སྒྲུབས། །དྲེགས་ལྡན་ཆེ་དགུ་ཆབ་སྲིད་མངའ་ཐང་སོགས། །མྱུར་དུ་དབང་དུ་འདུ་བའི་འཕྲིན་ལས་མཛོད། །བདག་སོགས་སྡེ་འབངས་བཅས་ལ་གནོད་རྩོམ་པའི། །དོ་བདོ་ཡ་བཟུང་བཙན་བཙུག་རྐུ་བཅོམ་སོགས། །བསམ་འབྱོར་ངན་བའི་སྐྱེ་བོ་མ་ལུས་པ། །དྲག་པོའི་ཆད་པས་རྡུལ་དུ་རླག་པར་མཛོད། །མདོར་ན་གཞི་ལམ་བྱེས་གསུམ་ཐམས་ཅད་དུ། །བསུ་སྐྱེལ་སྲུང་སྐྱོབ་བཟང་སྤྱོད་ཉེས་བསྣོལ་དང༌། །ཉིན་མཚན་དུས་དྲུག་བྱ་ར་མ་གཡེལ་བར། །ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག།།མཆོག་གསུམ་མཐུ་དང་ཆོས་དབྱིངས་གཤེས་ཀྱི་མཐུས། །ལུང་རྟོགས་ཡོན་ཏན་ཚེ་ནོར་མངའ་ཐང་སོགས། །ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ལུས་པ། །འབད་མེད་ངང་གི་འདུ་བའི་ཕྱྭ་གཡང་སྩོལ། །མི་ལ་བཀྲ་ཤིས་ཚེ་རིང་ནད་མེད་ཅིང༌། །ཡུལ་ལ་བཀྲ་ཤིས་རྩི་བཅུད་ལོ་འབྲས་སྨིན། །ཆོས་ལ་བཀྲ་ཤིས་ཐོས་བསམ་སྒོམ་གསུམ་འཕེལ། །ཕུན་ཚོགས་བཀྲ་ཤིས་རྒྱ་མཚོས་ཁྱབ་གྱུར་ཅིག།།ཅེས་བ་འདི་ནི་༧སྐྱབས་མགོན་འཇམ་དབྱངས་བཞད་སྤྲུལ་རིན་པོ་ཆེས་ལུང་བསྟན་ཞུས་སྐབས་མཚོ་སྙིང་འདི་མཆོད་ན་ལེགས་ཚུལ་གྱི་བཀའ་ཕེབས་ལྟར་དང༌།ལུང་བསྟན་པ་གཞན་འགའ་རེས་ཀྱང་སྤང་བྲག་ཅུང་བཟད་འཐབ་པའི་རི་དབྱིབས་སྙིང་ལྟ་བུའི་མཚོ་སྙིང་འདི་ལ་བཀྲ་ཤིས་གཡང་གི་ལྷ་ཆེན་ཟེར་བ་ཞིག་གནས་ཡོད་པས་མཆོད་ན་དགོན་གྲོང་ཀུན་ལ་བཟང་ཞེས་གསོལ་བ་ལྟར་བསང་མཆོད་འདི་ ༧ དབྱངས་ཅན་བཞད་པས་སྦྱར་བ་དགེ་ལེགས་འཕེལ།   
༄༅། །རྒྱལ་ཀུན་འདུས་ཞལ་དབྱངས་ཅན་བཞད་པའི་སྡེ། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང༌། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ། །གསེར་སྐྱེམས་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །ཆོས་ཀྱི་སྡེ་ཆེན་སྨྲ་བའི་སེང་གེའི་གླིང་། །བྱམས་པ་གླིང་སོགས་བཤད་སྒྲུབ་ཁུར་འཛིན་པའི། །ཕྱོགས་བཅུའི་དགེ་འདུན་འདུས་པའི་ཚོགས་རྣམས། །གསེར་སྐྱེམས་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །ལྷ་ཆེན་གུར་མགོན་སྟོབས་འཕྲོག་གདོང་བཞི་བ། །མྱུར་མཛད་མགོན་དང་དམ་ཅན་ཆོས་ཀྱི་རྒྱལ། །དམག་ཟོར་རྒྱལ་མོ་རྒྱལ་ཆེན་རྣམས་སྲས་ལ། །གསེར་སྐྱེམས་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །གནོད་སྦྱིན་བག་ཙེ་བཙན་རྒོད་བསྭེ་ཁྲབ་ཅན། །ཙེའུ་དམར་པོ་སྐྱེས་མཆོག་རྡོ་རྗེ་ལ། །ཨ་ཕྱི་ཆོས་སྒྲོན་སྨན་བཙུན་མཆེད་གསུམ་ལ། །གསེར་སྐྱེམས་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །རྨ་རྒྱལ་བོམ་ར་གཉན་བོ་གཡུ་རྩེ་དང༌། །ལོ་དེར་དཀར་པོ་ཞིང་བློན་དྲེག་པོ་སོགས། །རང་ཡུལ་གནས་པའི་ཡུལ་ལྷ་གཞི་བདག་ལ། །གསེར་སྐྱེམས་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །གཞན་ཡང་སྐྱེས་ལྷ་ཡུལ་ལྷ་གྲོགས་ལྷ་དང༌། །སྲོག་ལུས་དབང་ཐང་ཀླུང་རྟ་སྦར་སྨེའི་ལྷ། །ཁ་འཛིན་གྲོགས་བྱེད་ལྷ་ཀླུ་མཆོད་འོས་ལ། །གསེར་སྐྱེམས་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །ཕྱོགས་སུ་དོན་གཉེར་ཆེད་དུ་འགྲོ་འོང་ལ། །ལམ་འཕྲེང་གཡང་ས་ཆུ་རབ་གྲུ་ཟམ་སོགས། །བདེ་བར་བགྲོད་ཅིང་དགྲ་ཇག་ཆོམ་རྐུན་དང༌། །གཅན་གཟན་མེ་ཆུ་སོགས་ཀྱི་འཇིགས་དང་བྲལ། །བཞོན་ཁལ་སོགས་ལ་འཚེ་མེད་མཐུན་གྲོགས་འཛོམས། །བསམ་པའི་སར་སླེབ་ཚོང་དང་ཁེ་སྦོག་ཐོན། །ཆོས་དང་སྲིད་ཀྱི་འདོད་དོན་མ་ལུས་པ། །གེགས་མེད་བསམ་བཞིན་ལྷུན་གྱིས་འགྲུབ་པར་མཛོད། །བསང་མཆོད་སྐབས། །བསང་མཆོད་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། །ཅེས་དང༌། གཏོར་མ་འབུལ་སྐབས། མཆོད་གཏོར་འབུལ་གྱི་བསམ་དོན་ལྷུན་གྲུབ་མཛོད། ཅེས་པའི་ཚིག་བསྒྱུར་བྱའོ། །ཅེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །མཁྱེན་བརྩེ་ནུས་པའི་རང་གཟུགས་ཙོང་ཁ་བ། །སྤྱན་རས་གཟིགས་མགོན་རྒྱལ་དབང་ཐམས་ཅད་མཁྱེན། །སྣང་མཐའི་སྒྱུ་འཕྲུལ་པཎ་ཆེན་རིན་པོ་ཆེ། །ཡབ་སྲས་བརྒྱུད་པའི་བླ་མར་ཕྱག་འཚལ་ལོ། །མཐོང་བ་དོན་ལྡན་ཇོ་ཤཱག་རྣམས་གསུམ་དང༌། །གདན་ས་བཞི་དང་རྒྱུད་གྲྭ་སྟོད་སྨད་སོགས། །དབུས་གཙང་ཕྱོགས་ཀྱི་རྟེན་གནས་དགེ་འདུན་སྡེ། །ལ་སོགས་སྐྱབས་གནས་ཀུན་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེའི་མཐུ་བྱིན་ལ་བརྟེན་ནས། །བདག་དང་ཕ་མ་འབྲེལ་ཐོགས་སྐྱེ་བོ་ཀུན། །དལ་འབྱོར་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །ཚོགས་རྫོགས་སྒྲིབ་སྦྱང་སངས་རྒྱས་མྱུར་ཐོབ་ཤོག།།ཅེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །ན་མོ་གུ་རུ་བཛྲ་བྷེ་ར་ཝ་ཡ། །བསྙེན་ཆེན་ནི་དྲོ་གྲང་སྙོམས་པའི་དུས་ཟླ་བ་བདུན་པ་ནས་སྡོད་རྒྱུའི་སྔོ་འགྲོ་ལ་རིམ་འགྲོ་དྲུག་ཅུ་མ་སུམ་ཅུ་འགྲོ་ངེས། །གཞན་ཡང་གསུང་རབ་ཀློག་པ་དང་ཆ་བཞི་གང་མང་བྱ་བ་སོགས་ཁྲིད་ཡིག་ལྟར་དང༌། ཉེར་དགུའི་སྔ་དྲོ་ཕྱི་མཚམས་བཅད་ནས་ཕྱགས་དར་བྱ། །གཏོར་མ་ཡང་རྒྱུད་སྟོད་ལྟར་ཟླུམ་གཏོར་གཤོག་པ་ཅན་རྩེ་མོར་ཉི་ཟླ་ནོར་བུ་མིག་གསུམ་ལས་མེད། །ཆོས་སྐྱོངས་ལ་འཕུལ་གཏོར་དཀར་གཏོར་འདུ་བྱས་ཕྱི་དྲོའི་ཆར་སྐྱབས་སེམས་དང་སྐད་ཅིག་དཀྲོང་བསྐྱེད་རྒྱས་པ་བྱས་ནས་བགེགས་གཏོར་བཏང་སྟེ། ཐོ་སྐྱེད་ནས་བསང་སྦྱངས་སྐྱེད་ཆོག་རྒྱས་པ་གཏོར་ཆོག་བཞིན་དབང་བསྐུར་བརྒྱས་གདབ་ཡིག་བརྒྱ་བཤགས་པ་ཡོངས་རྫོགས་གཏོར་འབུལ་བསྟོད་པ་གཉིས་ཀ་འདོད་གསོལ་དཀར་གཏོར་བསྔོ། །ནང་དུ་འོང་ནས་བདག་དང་གནས་བསྲུང་བ་གདན་བྱིན་རླབས་སོགས་བསྙེན་ཡིག་རྣམས་ལས་འབྱུང་བ་ལྟར་བྱེད། །དེ་ནས་སྐྱབས་འགྲོ་བླ་མ་མཆོད་པ་དེའི་ནང་དུ་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་རྩེ་མ་བརྒྱ་ངེས་པར་བྱེད་བླ་རྒྱུད་རྡོ་དྲིལ་བྱིན་གྱིས་རླབས་ནས་བཟུང་ཆོ་ག་ཡོངས་རྫོགས་ཕྱི་ཉིན་ནམ་གུང་གི་ཆ་སྔ་བར་ལངས་ནས་སྐྱབས་འགྲོ་ནས་བཟུང་སྔར་ཉིན་ལྟར་བྱེད། །ཐུན་རེ་རེ་ལ་ཉེར་བསྡུ་བྱེད་མ་བྱས་ཀྱང་ཆོག། ཐུན་རྗེས་མ་ལ་ཐུན་དྲུག་བླ་མའི་རྣལ་འབྱོར་དང་སྐྱབས་འགྲོའི་འཕྲོར་ཚོགས་ཞིང་ནས་བཟུང་བཟླས་བའི་བར་སྔ་ཐུན་ལྟར་ལ། སྲུང་འཁོར་ཐུན་མོངས་མ་ཡིན་པ་དང་བགྲང་ཕྲེང་བྱིན་རླབས་བཞག།།མཆོད་པའི་འགོར་བྱིན་རླབས་བྱེད་པ་གཞན་འདྲ། །ཐུན་བཞི་ཀའི་རྗེས་མ་ལ་གཏོར་འབུལ་སྐབས་ཐོའི་ལྷ་ལའང་གཏོར་མ་འབུལ་ཏེ་འཕྲིན་ལས་བཅོལ། །འཚུབ་ན་སྐབས་སྐབས་སུ་སྤོས་ཕུལ་ཏེ་གཏོར་རྫོངས་སམ་བསྐུལ་རིང་འདོན། །དེ་ནས་ཐུན་ལ་འཇུག།།བསྙེན་པའི་གོ་རིམ་དང་པོ་ཨ་ར་བ་ཙ་བྱེ་བ་ཧྲི་ཥྚིཿབྱེ་བ་གཅིག་བདོན་ནས། །ཡེ་ཤེས་འབེབས་སྔགས་མི་དགོས། ལས་རུང་མ་སོང་ན་ཁ་བསྐང་སྦྱིན་སྲེག་བྱ། ཡ་མནྟ་ཀ་རྗེས་བྱེ་བ་གསུངས་བདུན་འབུམ། ཧྲཱི་ཥྚིཿབྱེ་ཆེན། རྩ་སྔགས་འབུམ། ཡེ་ཤེས་འབེབས་སྔགས་འབུམ། རྩ་སྔགས་ཀྱི་ནང་དུ་མཚན་ཕུད་གཅིག་དང་ཉིན་རེ་རེ་བཞིན་དྲུག་ཅུ་མ་དང་རིས་བྲིས་བཤམས། བདག་འཇུག་རེ་རེ་བྱེད་ཁ་བསྐངས་སྦྱིན་སྲེག་མི་དགོས། བསྙེན་བསྒྲུབས་སྦྲགས་མའི་སྐབས་ཐུན་རེ་རེ་ལ་བདག་བསྐྱེད་ཉེར་བསྡུ་སོགས་གཞུང་ལྟར་དང་ཐུན་གཅིག་ལ་གཏོར་མ་འབུལ་མདུན་བསྐྱེད་གཞུང་བཞིན་སྔགས་ལ་ཨ་གཚྩ་བྱེ་བ་ཉིན་བཅོ་ལྔ་ཉིན་རེ་རེ་ལ་རེས་བྲིས་བཤམས་བདག་འཇུག་དྲུག་ཅུ་མ་རེ་རེ། ཉིན་དགུ་བ་ལྟ་བུ་ཞིག་ནས་སྒྲུབ་རྫས་ཚགས་སུ་ཚུད་པར་བྱེད་དགོས་པས། རྫས་བ་དམར་གྱིས་འོ་མ། མར་སར་མངར་གསུམ་བཅས་ཐོད་པར་བླུགས་ནས་བྲིས་སྐུའི་མདུན་དུ་བཞག།།བཅོ་ལྔའི་ནུབ་རྫས་ལེན་སྐབས་སུ་ཁ་ནུབ་ཏུ་ཕྱོགས་ཏེ་བྲིས་ཐང་དང་ཞལ་སྤྲོད་ཀྱི་ཚུལ་གྱིས་མཚན་ཐོག་ཐག་ལ་མནྜ་ཨ་གཚྩ་ཡང་བྱས་འདུག་སིདྷི་གསུང་གཏབས་པའི་བཟླས་པ་བྱས་ནས་ཉི་མ་རྩེ་ཤར་ལ་ཐུན་མཇུག་བསྡུ། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག་ཞེས་པའི་མཚམས་སུ་བྲིས་སྐུ་སྙིང་གར་རེག་སྟེ་སྒྲུབ་རྫས་ཆ་ཝར་བྱས་སྟེ་ལོངས་སྤྱོད་ཁ་བསྐང་མི་དགོས། །དེ་ནས་མེ་ལྷའི་སྔགས་འབུམ་གསུམ་མམ་མ་མཐའ་འབུམ་བཅུ་ཆའི་སྦྱིན་སྲེག །རྫས་ཁྱད་པར་བ་གྲོ་དམར་པོ་ལ་བྱེད། དེ་ནས་ལས་སྔགས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱེད་དགོས་བས་དེའི་ཚུལ་ཡང་མེ་ལྷའི་སྐབས་བཞིན་མཚན་ཕུད་བྱེད་ཚུལ། མེ་ཏོག་དམར་བོ་ཆང་གིས་སྦྲུས་མ་སོགས་ཡོ་བྱད་ལྟ་གོན་བྱས་ནས་ཕྱི་དྲོ་ཐབ་རྩར་བྱིན་ནས་བདག་བསྐྱེད་བསང་ཆུ་སོགས་དཀྱུས་ལྟར། དྲུག་ཅུ་མ་དྲག་བསྔོས་བྱས་ནས་སྦྱིན་སྲེག་དཀྱུས་ལ་འཇུག།།རྫས་ཆེན་བཅུ་གཉིས་ཡོད་ན་རབ་མེད་ན་ཡམ་ཤིང་མར་ཁུ་རྫས་ཁྱད་པར་བ་ལ་གྲངས་གསོག །ནམ་ལངས་ནས་མཇུག་དཀྱུས་བཞིན་བྱ། དེ་ནས་དྲུག་ཅུ་མ་མི་དགོས་གཞན་འདྲའོ། །འདི་ནི་འཇམ་དཔལ་ཞི་ཁྲོ་མིའི་གར་གྱིས་རོལ་བ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་༧ ཤིང་ཟ་རྡོ་རྗེ་འཆང་གིས་བསྙེན་ཆེན་གྱི་ཁྲིད་ཆེན་གྱི་ཁྲིད་གནང་སྐབས་ཀྱི་གསུང་རགས་བསྡུས་  ༧ དབྱངས་ཅན་བཞད་པས་ཟིན་ཐོར་བྲིས་པའོ།།    
༄༅། །ན་མོ་གུ་རུ་བྷྱཿ འདིར་རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་ག་མདོར་བསྡུས་བྱ་བར་འདོད་པས་སྐྱབས་སེམས་སྔོན་དུ་གཏང༌། སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལྗང་སྔོན་དེ་ལས་འོད་འཕྲོས་དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང༌། །གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དང༌། དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་རྣམས་ཡོད་ན་བྱིན་གྱིས་རླབས། ཨོཾ་བཛྲ་བིདཱར་ཨ຋ᨗ་སོགས་ཀྱིས་མཆོད། ལྕང་ལོ་ཅན་གྱི་ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱིས་བྱིན་རླབས་ཐམས་ཅད་བསྡུས་ཏེ། སྔགས་ཕྲེང་ས་བོན་དང་བཅས་བ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང༌། གྲིབ་དང་མི་གཙང་བ་ཐམས་ཅད་དག་ནས། རྒྱུད་བྱིན་གྱིས་རླབས་པར་གྱུར། རྩ་སྔགས་བཟླ། ལྷག་ཆད་ཀྱི་ཉེས་བ་ཞི་བའི་ཆེད་དུ་ཡིག་བརྒྱ་དང་མཆོད་བསྟོད་བྱ། དགེ་བ་འདི་ཡིས྾སོགས་བརྗོད། བུམ་སྒྲུབ་བྱེད་ན། བསངས་སྦྱངས། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཾ་ལས་རིན་པོ་ཆེའི་བུམ་པ་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་སུ་པདྨ་ཉི་མའི་སྟེང་དུ་ཧཱུཾ་ལྗང་སྔོན་ལས་འོད་ཟེར་འཕྲོས། །དོན་གཉིས་བྱས་འདུས་ཡོངས་སུ་གྱུར་བ་ལས་རྡོ་རྗེ་རྣམ་བར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞེས་པ་ནས་དབུ་བརྒྱན་པར་གྱུར་ཅེས་པའི་བར་བདག་བསྐྱེད་ལྟར་བྱེད་མཆོད་པ་བྱིན་གྱིས་རླབས་ལ། མཆོད་བསྟོད་བྱ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ་ཐུགས་ཀ་ནས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཡང་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང༌། ནུས་མཐུ་ཐམས་ཅད་བཀུག་ནས་སྔགས་འཕྲེང་ལ་ཐིམ་དེ་ལས་བདུད་རྩིའི་རྒྱུན་བབས་པས། དག་བྱེད་ཀྱི་བདུད་རྩིར་གྱུར་བར་མོས་ལ་གཟུངས་སྔགས་གང་མང་དང་ཡིག་བརྒྱ་བརྗོད། གཏོར་མ་བྱ་རྒྱུད་ལྟར་བྱིན་གྱིས་རླབས་ཏེ། ཡུལ་ལྷ་ལ་གཏོར་མ་ཕུལ། མཆོད་བསྟོད་བྱས་ཏེ། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་འདྲེས་པར་གྱུར། བ་འདིའི་སྒོ་ནས་ཡུལ་ཁྲུས་དང༌། བཀྲུ་བྱ་བས་བསྲུང་གསུམ་བྱ་ཚུལ་གཞུང་ལྟར་རོ། །ཞེས་པ་འདི་ཡང་བྱིངས་འདྲེན་གྲགས་པ་བཤད་སྒྲུབ་ཀྱི་འདོད་མོས་ལྟར། ༧ དབྱངས་ཅན་བཞད་པས་བྲིས་པ་ཛཡནྟུ།།    
༄༅།། སྣང་སྲིད་སྲེགས་པའི་གཙོ་བོ་བག་ཙེ་ལྕམ་སྲིང་གི་འཕྲིན་བཅོལ་ཆོས་སྲུང་དགྱེས་བའི་རོལ་མོ། །ཀྱཻ་རྩ་བརྒྱུད་བླ་མའི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོར་ཉེར་བསྟེན་ནས། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོང་ལ་སྐད་ཅིག་ཙམ་ཡང་མི་གཡོལ་ཞིང༌། །འགྲོ་ལ་སྙིང་རྗེ་ལྷོད་པ་མེད་ཀྱང་ཞིང་བཅུའི་གཤེད་དུ་ཁྲོ་བོའི་གར། །བསྒྱུར་མཛད་གནོད་སྦྱིན་བག་ཙེ་ལྕམ་སྲིང་འཁོར་ཚོགས་དང་བཅས་འདིར་གཤེགས་ཤིག།།མདུན་དུ་འཐོར་བྱེད་ཤུགས་ཀྱིས་ཆེས་ཆེར་བསྐྱེད་པའི་རབ་འབར་མེ་དཔུང་དབུས། པད་ཉི་རྟ་རོ་མི་རོ་བརྩེགས་པའི་གདན་ལ་བརྐྱངས་བསྐུམ་སྟབས་ཀྱིས་བཞེངས། །ཞལ་གཅིག་ཕྱག་གཉིས་གཡས་པས་ཟངས་ཀྱི་རལ་གྲི་ནམ་མཁའི་དབྱིངས་སུ་གདེངས། །གཡོན་པའི་ཕྱག་གིས་དགྲ་བོའི་གསོན་སྙིང་དམར་འདོན་བྱས་ལ་ཐུགས་ཀར་འཛིན། །ཁམ་སེར་དབུ་སྐྲ་ལྟག་བཅིངས་ཐོད་སྐམ་ལྔས་བརྒྱན་སྤྱན་གསུམ་སྡང་མིག་གཡོ། །ཞལ་གདངས་མཆེ་གཙིགས་དྲག་པོའི་ངར་སྒྲས་ས་གསུམ་ཤིག་ཤིག་གཡོ་བར་བྱེད། །བྱུ་རུའི་ལྷུན་པོར་འཇའ་ཚོན་མདངས་ཀྱིས་འཁྱུད་ལྟའི་གོ་ཁྲབ་རིན་ཆེན་རྒྱན་གྱིས་མཛེས། །ཟངས་ཀྱི་བག་ཙེ་རིག་པའི་ལྷ་མོ་ལ་སོགས་འཁོར་ཚོགས་དང་བཅས་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པའི་མཆོད་གཏོར་རྒྱ་མཚོ་འདི་འབུལ་གྱིས། །བཞེས་ལ་རྣལ་འབྱོར་བདག་གིས་གང་བཅོལ་ལས་རྣམས་ཐོག་པ་མེད་པར་སྒྲུབས། །རྒྱལ་བསྟན་གདུགས་དཀར་བསྒྲེངས་མཛད་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཅིང༌། །འཕྲིན་ལས་གྲིབ་བསིལ་སྣུམ་པོས་ལུས་ཅན་རྒུད་པའི་ཚ་གདུང་ཞི་བར་མཛོད། །ཐུབ་བསྟན་ལི་ཁྲིའི་མཚོ་འདིར་བློ་གསལ་ངང་མོའི་ཚོགས་དག་ཉེར་འདུས་ནས། །བཤད་སྒྲུབ་གླུ་དབྱངས་བརྒྱུད་མར་སྒྲོག་པས་འཇིག་རྟེན་དགའ་བདེ་རྒྱས་པར་མཛོད། །དྲེགས་ལྡན་ཆེ་དགུ་དབང་དུ་བསྡུས་ཤིང་དངོས་བརྒྱུད་འཚོ་བའི་དགྲ་བགེགས་རྣམས། །འཕྲིན་ལས་རྣོ་མྱུར་དྲག་པོའི་རྩལ་གྱིས་ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཡངས་པའི་ཡུལ་ལྗོངས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར་འཁོད་སྐྱེ་བོ་ལ། །རྒྱ་བོད་དགྲ་ཇག་ཆོམ་རྐུན་ནད་ཡམས་བར་གཅོད་རྐྱེན་གྱིས་ནམ་ཡང་མི་བརྫི་ཞིང༌། །དཔོན་འབང་ཡིད་མཐུན་མི་ནོར་འབྱོར་བ་རྒྱས་པས་དབུ་འཕང་དགུང་ལ་རོལ། །སྲིད་ཞིའི་ཕྱྭ་གཡང་མ་ལུས་རྩོལ་ལ་སྡེ་བཞིའི་དགའ་སྟོན་རྒྱས་པར་མཛོད། །ཅེས་སྣང་སྲིད་དྲེགས་པའི་གཙོ་བོ་བག་ཙེ་ལྕམ་སྲིང་གི་འཕྲིན་བཅོལ་ཆོས་སྲུང་དགྱེས་པའི་རོལ་མོ་འདི་ནི། །ཡ་རབས་ཀྱི་སྤྱོད་པ་རྒྱན་དུ་ཆེ་ཞིང་རིགས་རུས་དཔལ་གྱིས་མཐོ་བ་ཁང་སར་དཔོན་ཕྲུག་དཔལ་འབྱོར་དོན་འགྲུབ་ཀྱིས་ལྷ་དར་བཅས་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་རྡོ་རྗེའི་བྲིས་པའོ།།   
༄༅། །ཆོས་དབྱིངས་ངང་ལས་པད་ཟླར་དྷཱིཿ ཡིག་ལས། ། རང་ཉིད་འཇམ་དཔལ་གཞོན་ནུ་གུར་ཀུམ་མདོག།།ཕྱག་གཡས་རལ་གྲི་གཡོན་པས་གླེགས་བམ་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ། །ས་བོན་སྔགས་འཕྲེང་འོད་ཀྱི་རྨོངས་མུན་བསལ། །རྣམ་འབྱེད་ཤེས་རབ་སྣང་བ་རྒྱས་པར་གྱུར། །ཨོཾ་ཨ་ར་བ་ཙ་ན་དྷཱིཿ དགེ་བ་འདི་ཡིས༌྾འཇམ་དཔལ་དཔའ་བོ྾྾ཅེས་པ་འདི་ནི་བསོད་ནམས་ཀྱི་མཐུ་དཔལ་བཙན་པོའི་ཤུགས་ཀྱིས་ས་ཆེན་རྣམ་བར་གཡོ་ཞིང་རྒྱལ་ཁྲིམ་ཆོས་བཞིན་དུ་སྐྱོང་པའི་མི་རྗེ་དམ་པའི་དབང་ཕྱུག་མཆོག་རྩེ་རྒྱལ་སྲས་ཚེ་དབང་ཕུན་ཚོགས་བཀས་བསྐུལ་ངོར་ ༧ དབྱངས་ཅན་བཞད་པས་རྡོ་རྗེས་སྦྱར་པའོ།།    ༄༅། །འཇམ་དབྱངས་མཁྱེན་རབ་འོད་དམར་ལི་ཁྲའི་རྡུལ། །བཤེས་གཉེན་གར་དུ་བརྩེན་པའི་ཉིན་མོར་བྱེད། །ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་གསལ་མཛད་པས། །དཀྱིལ་འཁོར་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས་ན། །བདག་ནི་ནམ་ཞིག་སྒྱུ་མའི་སྐྱེས་འདེགས་ཚེ། །དགྱེས་བའི་ཞལ་མཐོང་གསུང་གིས་དབུགས་དབྱུང་ཞིང༌། །རྗེས་བཟུངས་བྱིན་རླབས་སྙིང་ལ་བཞུགས་པ་ཡིས། །བཀའ་བཞིན་སྒྲུབ་པའི་སྲས་ཀྱིས་མཆོག་གྱུར་ཅིག།།ཅེས་བསོད་ནམས་གསེར་གྱི་འཁོར་ལོས་གནམ་སའི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་སྟོབས་ལྡན་མཆོག་རྩེ་ཆོས་རྒྱལ་ཆེན་པོ་བསོད་ནམས་ཚེ་རིང་ནས་རྒྱུན་གྱི་ཞལ་འདོན་མཛད་རྒྱུར་འདི་ལྟ་བུ་ཞིག་དགོས་ཞེས་བཀྲ་ཤིས་ལྷ་རྫས་མཛོད་ཏགས་ཆེ་ལེགས་བཅས།། བཀའ་ལུང་བཙན་པོས་བསྐུལ་ངོ་མ་ལྡོག་ཙམ་དུ་ ༧ དབྱངས་ཅན་བཞད་པས་རྡོ་རྗེས་སྦྱར་བའོ།།    
༄༅། །ཧཱུཾ་སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ལས། །འཇིག་རུང་ཉམས་ལྡན་མགོན་པོ་ཚོགས་ཀྱི་བདག།།སྲིད་གསུམ་དབང་བསྒྱུར་དམག་ཟོར་རྒྱལ་མོ་དང༌། །ཐ་འོག་ཆོས་རྒྱལ་འཁོར་བཅས་དེང་འདིར་དགོངས། །བསྟན་སྲུང་ཆེན་པོ་ཁྱེད་རྣམས་མཆོད་བགྱིད་ན། །ལུས་དང་གྲིབ་མ་བཞིན་དུ་རྟག་འགྲོགས་ནས། །འགལ་རྐྱེན་སེལ་ལ་མཐུན་རྐྱེན་ལེགས་ཚོགས་དཔལ། །གང་གང་འདོད་པའི་དོན་རྣམས་ལྷུན་འགྲུབ་མཛོད། །ཅེས་འཕྲིན་བཅོལ་ཉུང་ངུ་འདི་ཡང་ས་ཆེན་ཆོས་བཞིན་དུ་སྐྱོང་བའི་མཆོག་རྩེ་མི་དབང་བསོད་ནམས་ཚེ་རིང་རིགས་སྲས་དང་ཚེ་དབང་ཕུན་ཚོགས་ཟུང་གི་ཐུགས་མོས་ལྟར་ ༧ དབྱངས་ཅན་བཞད་པས་རྡོ་རྗེས་སྦྱར་བའོ།།    
༄༅། །རྒྱལ་བའི་གཙུག་ཏོར་ལས་འཁྲུངས་ཤིང༌།། ཉི་མ་བྱེ་བའི་གཟི་འོད་འབར། །གཙུག་ཏོར་འབར་བ་ཞེས་གྲགས་པའི། །ཁྲོ་བོའི་དབང་བོ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷ་ནཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ནཾ། ཨོཾ་ཁ་ཁ་ཁཱ་ཧི། ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ། ཥྚི་ཕཊ་ཕཊ། སྭཱཧཱ། མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་དང༌། །ཁྲོ་རྒྱལ་གཙུག་ཏོར་འབར་བའི་མཐུ་སྟོབས་ཀྱིས། །བདག་ལ་རྨི་ལམ་མཚན་མ་ངན་པ་དང༌། །དུས་མིན་འཆི་དང་ནད་གདོན་དགྲ་བགེགས་དང༌། །གནོད་བྱེད་བར་གཅོད་སྤྱི་དང་ཁྱད་པར་དུ། །གཞན་གྱིས་བསམ་སྦྱོར་ངན་པས་བྱས་པ་ཡི། །མཐུ་བྱད་རྦོད་གཏོང་རིགས་སྔགས་སྦྱོར་ངན་རྣམས། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཕྱིར་བཟློག་ཅིག།།ཐལ་མོ་བརྡབ་པའི་ལན་གསུམ། མཐུ་དང་མནན་གཏད་བྱད་ཁ་རྦོད་གཏོང་རྣམས། །གང་གིས་བརྩོམ་པ་དེ་ལ་ཕྱིར་བཟློག་ཅིང༌། །རྨི་ལམ་མཚན་མ་ངན་དང་མི་ཤིས་པ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ།།   ༄༅། ། ཨོཾ་བསང་རྫས་མཆོད་གཏོར་དམ་རྫས་སྤྱན་གཟིགས་སོགས། ། ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་ཞིང༌། །མཐུ་ལྡན་ཆོས་སྐྱོང་གཉན་པོའི་སྤྱན་ལམ་དུ། །དགྱེས་པ་ཀུན་བསྐྱེད་མཆོད་པའི་སྤྲིན་དུ་གྱུར། །ཨོཾ་ཨཱཿ ཧཱུཾ་ལན་གསུམ། བསང་གི་ཚེ་ཡང༌། མཐུ་ལྡན་ཡུལ་ལྷ་གཉན་པོའི་སྤྱན་ལམ་དུ་སོགས་སྦྱར། །ཞེས་པ་འདི་ནི་དབྱངས་ཅན་བཞད་པས་སྦྱར་བའོ།།    ༄༅། །ཧཱུཾ་སྐྱབས་གནས་བསླུ་མེད་ཡི་དམ་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་དང༌། །རྒྱལ་ཆེན་བསྭེ་ཡི་ཁྲབ་ཅན་འཁོར་བཅས་པའི། ། དམ་ཅན་ནོར་ལྷ་གཏེར་བདག་ཚོགས་དང་བཅས། ། གཞན་ཡང་གནས་སྐྱོང་རྡོ་རྗེ་གནོད་སྦྱིན་དང༌། །གཉན་ཆེན་ལོ་དེར་ཡུམ་སྲས་བློན་འཁོརདང༌། །ཁྱད་པར་དགྲ་ལྷ་དབང་ལྡན་འཁོར་བཅས་རྣམས། །སྤྱན་འདྲེན་འདིར་གཤེགས་རང་རང་གདན་བཞུགས་ལ། །ཕྱི་ནང་བསང་མཆོད་རྒྱ་ཆེན་འདི་བཞེས་ལ། །རྣལ་འབྱོར་བདག་གི་འདོད་དོན་མ་ལུས་པ།། སྒྲུབ་ལ་རྐྱེན་ངན་བར་ཆད་ཀུན་བཟློག་ཅིང༌། ། ཚེ་དང་དཔལ་འབྱོར་རླུང་རྟ་དར་བར་མཛོད། ། དབྱངས་ཅན་བཞད་པས་བྲིས་བའོ།།    ༄༅། །ཀྱཻ་གྲུབ་དབང་དམ་པའིབཀའ་ལུང་དབང་གི་རྒྱལ། །ཡན་ལག་མཆོག་གི་རྒྱན་དུ་ཉེར་མཛེས་པ། །དྲེགས་པའི་སྡེ་དཔོན་ཡུལ་སྐྱོང་ཨར་རྩ་ཐི། །འཁོར་བཅས་མ་གཡེལ་དགྱེས་བཞིན་དེང་འདིར་དགོངས། །ཏིང་འཛིན་སྔགས་རྒྱས་ཁྱད་པར་གསུམ་ལྡན་དུ། །བྱིན་གྱིས་བརླབས་པའི་བསང་མཆོད་རྒྱ་མཚོ་དང༌། །རོ་བརྒྱའི་དཔལ་འཛིན་ཟག་མེད་གསེར་སྐྱེམས་འདི། །གུས་བས་འབུལ་ན་དགྱེས་བཞིན་བཞེས་སུ་གསོལ། །བདག་ཅག་དཔོན་སློབ་སྡེ་འབངས་བཅས་པ་ལ། །དགྲ་ཇག་ཆོམས་རྐུན་མི་ནད་ཕྱུགས་ནད་དང༌། །མི་ཁ་བྲམ་མཆི་ཁ་སྨྲས་གླེང་ཀྱོད་སོགས། །རྐྱེན་ངན་དབྱིངས་སུ་ཞི་བའི་གྲོགས་མཛོད་ཅིག།།ཚེ་བསོད་སྟོབས་འབྱོར་མངའ་ཐང་རིགས་རྒྱུད་དར། །ཁ་རྗེ་རླུང་རྟ་སྙན་གྲགས་དགོང་ལ་རེག།།གང་བརྩམ་བསམ་བཞིན་འགྲུབ་པའི་སྡོངས་གྲོགས་མཛོད། །མི་ནོར་ཟས་གསུམ་ཡར་ངོས་ཟླ་ལྟར་འཕེལ། །མཆོག་དམན་ཀུན་གྱིས་གུས་འདུད་ལྷུར་ལེན་ཅིང༌། །རང་ཡང་རྒྱལ་བའི་བསྟན་ལ་གུས་པ་སོགས། །ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག།།ཅེས་པ་འདི་ནི་བསོད་ནམས་དཔལ་གྱིས་མངོན་པར་མཐོ་བ་ཐང་སྐོར་དཔོན་པོ་དཔལ་ཆེན་དབང་ཕྱུག་ནས་ལྷ་རྫས་བཅས་ནན་ཏན་བསྐུལ་བའི་ངོར་ ༧  དབྱངས་ཅན་བཞད་པའི་རྡོ་རྗེས་སྦྱར་བའོ།།   
 ༄༅། །སྟག་སྙིང་དང་སྟག་ལག་གཉིས་གྱིས་བསང་མཆོད་བཞུགས་སོ། །ཀྱེ་དགེ་བཅུའི་དཔལ་གྱིས་མཛེས་པའི་རི་དབང་ནང༌། །རྣམ་རྒྱལ་ཁང་བཟང་ལ་འགྲན་ཕོ་བྲང་ནས། །རྡོ་རྗེ་དྲག་རྩལ་ཀུན་དགུའི་དཔལ་སྟེར་རྩལ། །ཡུམ་སྲས་བློན་འབངས་འཁོར་བཅས་གཤེགས་སུ་གསོལ། །ཏིང་འཛིན་སྔགས་རྒྱས་བརླབ་བའི་མཆོད་གཏོར་དང༌། །རྣམ་མང་བསང་རྫས་བསྲེགས་པའི་དུད་པའི་སྤྲིན། །ཇ་ཆང་གསེར་སྐྱེམས་འོ་ཞོ་མར་ཐུད་སོགས། །དགྱེས་བསྐྱེད་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ཤིག།།རྩ་བརྒྱུད་བླ་མའི་ཐ་ཚིག་ཉེར་དགོངས་ལ། །གང་བཅོལ་འཕྲིན་ལས་སྒྲུབ་པའི་དུས་ལ་བབས།། །དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱལ་བརྟན། །ཆོས་ཀྱི་སྡེ་ཆེན་མཚོ་ལྟར་རྒྱས་པར་མཛོད། །ཁྱད་པར་བདག་ཅག་སྡེ་འབངས་ཡུལ་ཕྱོགས་ལ། །ཁ་རྨས་གླེང་གྱོད་མི་ཁ་བྲམ་མཆུ་དང༌། །མི་ནད་ཕྱུགས་ནད་དགྲ་ཀུན་མེ་མཆེད་སོགས། །ཕྱི་ནང་འབྱུང་བའི་གནོད་པ་ཞི་བར་མཛོད། ། ཚེ་བསོད་སྟོབས་འབྱོར་རྟ་ནོར་ཕྱུགས་ལུག་རྒྱས། ། འོ་ཞོ་མཚོར་འཁྱིལ་རི་ལུང་ཕྱུགས་ཀྱིས་གང༌། ། ཁ་རྗེ་དབང་རླུང་སྙན་གྲགས་རྒྱས་པ་དང༌། །གང་བརྩམས་བྱ་བ་གེགས་མེད་འགྲུབ་པར་མཛོད། །མདོར་ན་ཡུལ་ལྷའི་མཐུ་བྱིན་གཟི་འོད་ཀྱིས། ། མི་མཐུན་རྒུད་པའི་སྨག་རུམ་མཐར་བསྐྲད་ནས། །ཕུན་ཚོགས་སྡེ་བཞིའི་པད་ཚལ་རབ་རྒྱས་ཏེ། །བདེ་སྐྱིད་སྦྲང་རྩིའི་དགའ་སྟོན་རྒྱས་པར་མཛོད། ། ཅེས་པ་འདི་ནི་དབྱངས་ཅན་བཞད་པའི་གསུངས་པ་དགེ་ལེགས་འཕེལ།།    
༄༅། །ཧཱུཾ་རང་ཉིད་བདེ་སྟོང་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་ཡུལ་ལྷ་སྤྱི་དང་ལྷ་རི་རྒྱལ། །སྟག་ལུང་རྩེ་རྒྱལ་དཔལ་འབར་དགྲ་ལྷའི་དབང༌། །སྲས་བློན་བཀའ་ཉན་དང་བཅས་འདིར་གཤེགས་ཤིག།།སྣང་སྟོང་སྒྱུ་མའི་རྣམ་རོལ་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་རིན་ཆེན་སྣ་བདུན་དང༌། །གོ་མཚོན་སྤྱན་གཟིགས་སྣ་ཚོགས་མཐུན་པའི་རྫས། །རྨད་བྱུང་བསང་མཆོད་མཛད་མེད་བདུད་རྩིའི་སྐྱེམས། །ལྷ་ལམ་འཛིན་མའི་ཁྱོན་ཀུན་ཡོངས་གང་བས། །མཐུ་ལྡན་ཡུལ་སྐྱོངས་དགྲ་ལྷ་ཁྱོད་མཆོད་ན། །ཕ་མའི་བུ་ཚ་བརྩེ་བས་སྐྱོངས་པ་བཞིན། །ནམ་ཡང་མི་འབྲལ་གང་བཅོལ་ལས་ཀུན་བསྒྲུབ། །ལྷ་ཁྱོད་སྔོན་ཚེ་པདྨ་འབྱུང་ནས་དང༌། །རྩ་བརྒྱུད་བླ་མའི་ཐ་ཚིག་ཉེར་དགོངས་ལ། །བསྟན་དང་བསྟན་འཛིན་བུ་ལྟར་སྐྱོངས་པ་དང༌། །སྡེ་འབངས་ཆབ་སྲིད་མི་ཉམས་མཚོ་ལྟར་རྒྱས། །ནག་ཕྱོགས་མི་མཐུན་དགྲ་དཔུང་བྲག་རིའི་ཚོགས། །མཐུ་སྟོབས་གནམ་ལྕགས་ཐོགས་མདས་མྱུར་བཅོམ་སྟེ། །འཕྲལ་ཡུན་འདོད་དགུའི་རེ་འབྲས་མ་ལུས་པ། །འཕྲལ་འདོད་དག་པའི་རེ་འབྲས་མ་ལུས་པ། །ཡིད་བཞིན་ནོར་ལྟར་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་སྐྱ་མགོའི་སྐྱ་སེར་འདུས་སྤྱི་ནས་བསྐུལ་བ་ལྟར། ༧ དབྱངས་ཅན་བཞད་པས་བྲིས།།
༄༅། །སྒྲུབ་སྡེ་དགའ་ལྡན་ཆོས་འཁོར་གླིང་གི་བཅའ་ཡིག་རྣམ་གྲོལ་ཐར་པའི་འབབས་སྟེགས་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། རྨད་བྱུང་ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ། །སྐུ་བཞིའི་བང་རིམ་མཛེས་སྡུག་མངོན་པར་བཀྲ། །འཕྲིན་ལས་ཉི་ཟླ་ཟུང་གི་རྣ་ཆ་གཡོ། །ཐུབ་དབང་རིན་ཆེན་ལྷུན་པོ་གཙུག་ན་རྒྱལ། །གང་གི་བསྟན་པ་དྲི་མེད་གང་ཞིག་ལ། །གཏད་པའི་འོད་སྲུང་ཆེ་སོགས་གཏད་རབས་བདུན། །རྒྱན་དྲུག་མཆོག་གཉིས་འཛམ་གླིང་རྒྱན་རྣམས་ལ། །སྙིང་ནས་འདུད་དོ་བདག་གི་སྙིང་ལ་རོལ། །མདོ་སྔགས་ཟུང་འབྲེལ་བསྟན་པའི་ཉལ་འགྲོ་མ། །གངས་ཅན་བསོད་ནམས་གཤོང་བུར་འདྲེན་མཁས་པའི། །མཁྱེན་པའི་གཏེར་ཆེན་འཇམ་མགོན་བློ་བཟང་གྲགས། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བས་འདུད། །བློ་གསལ་བསྐལ་བཟང་འདུས་པའི་དོན་མཐུན་ཚོགས། །རྣམ་གྲོལ་ནོར་བུའི་གླིང་དུ་འགྲོད་པའི་ཐབས། །ཉམས་སུ་བླང་བའི་བཅའ་ཁྲིམས་གྲུ་གཟིངས་འདི། །བྱིན་གྱིས་དགའ་བའི་ཚུལ་བཞིན་བསྟེན་པར་རིགས། །དེ་ལ་འདིར་བསྐལ་བཟང་རྣམ་འདྲེན་སྟོང་ལས་སྙིང་སྟོབས་ཕུལ་དུ་བྱུང་བ་རྣམ་འདྲེན་ཤཱཀྱ་སཻངྒ་དེ་ཉིད་གླིང་འདིར་གསར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཚུལ་བསྟན་དེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ཐོག་མར་འཁོར་ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོ་བགོ་བ་ལ་བསླབ་པར་བྱའོ། །ཞེས་སོགས་འདུལ་བའི་སྡེ་སྣོད་གསུངས་ཤིང༌། མྱ་ངན་ལས་འདའ་ཚུལ་སྟོན་ཁར་ཡང་འདུལ་བ་མདོར་བསྡུས་རུང་མཐུན་དུ་གྲགས་པ་གསུང་བ་སོགས་ཐོག་མཐའ་བར་གསུམ་དུ་འདུལ་བའི་བསླབ་བྱ་གཙོ་བོར་མཛད་ལ། ལུང་ཞུ་བ་ལས། ཉེ་བར་འཁོར་ཇི་སྲིད་ལས་ཀྱང་ཡོད། ནན་ཏན་བྱེད་པའང་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་གནས་བ་ཞེས་བྱ་ལ། ལས་ཀྱང་མེད་ནན་ཏན་བྱེད་པའང་མེད་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཞིག་པ་ཞེས་བྱའོ། ཞེས་གསུངས་པ་ལྟར། རྒྱལ་བའི་བསྟན་པ་གནས་མི་གནས་ཆོས་འདུལ་བའི་ལག་ལེན་གཙང་མ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གསུངས་ལ། ཆོས་འདུལ་བའི་ཉམས་ལེན་ཀྱང་དགེ་འདུན་གྱི་སྡེ་ལ་རག་ལས་པའི་ཕྱིར་འཕགས་པའི་ཡུལ་དུ་དགེ་འདུན་སྡེ་མང་དུ་འཕེལ། གངས་ཅན་གྱི་ལྗོངས་འདིར་ཡང༌། མཁན་སློབ་ཆོས་གསུམ་དང༌། ལྷ་བླ་མ་ཁུ་དཔོན་མཉམས་མེད་ཇོ་བོ་ཆེན་པོ་སོགས་ཀྱི་བཀའ་དྲིན་ལས་དགེ་འདུན་གྱི་སྡེ་དང་ཆོས་འདུལ་བའི་ལག་ལེན་གཙང་མ་དར། ཁྱད་པར་དུ་འཇམ་མགོན་ཙོང་ཁ་བ་ཆེན་པོས། ཕྱི་འདུལ་བའི་ཀུན་སྤྱོད་དང༌། ནང་གསང་སྔགས་གྱི་རྣལ་འབྱོར་ཟུང་དུ་འབྲེལ་བའི་བསྟན་པ་ཕྱོགས་མཐར་སྤེལ་ཏེ། རྗེའི་རིང་ལུགས་འཛིན་པའི་དགེ་འདུན་གྱི་སྡེ་མདོ་དབུས་ཀུན་དུ་སའི་རྩི་ཤིང་དང་གནམ་གྱི་སྐར་མ་ལྟར་མང་དུ་མཆེད་པ་ལས། འདིར་བསྒྲུབ་སྡེ་དགའ་ལྡན་ཆོས་འཁོར་གླིང་གི་དགེ་འདུན་པ་རྣམས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ་བརྗོད་པ་ལ། །ཐོག་མར་སྡེ་འདིར་འཇུག་པའི་ཚུལ་དང༌། །ཞུགས་ནས་འགྲིག་ལམ་ཉམས་སུ་ལེན་ཚུལ་གཉིས། དང་པོ་ནི། སྡོམ་བ་སྐྱེ་གནས་ཀྱི་བར་ཆད་དང་མི་ལྡན་པར་མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ལས་རབ་དུ་བྱུང་སྟེ་ཚུལ་ཁྲིམས་མིག་འབྲས་ལྟར་སྲུང་བ་ལ་བརྩོན་པ། ཡོད་བྱད་ཀྱི་ཁྱད་པར་གཟན་ཤམས་སྟོད་འགག གདིངས་པ། ཟླ་གམ། ཞྭ་མོན། གྲྭ་ཁུག འཕྲེང་སེར་སོགས་ཚགས་སུ་ཆུད་པ་བྱེད། དགེ་རྒན་ཡང༌། མཛའ་བཤེས་ཀྱི་ཚོམ་ལས་དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །ཐད་ཀར་བབས་བ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བས། །དེས་ན་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། ཡོན་ཏན་ཆེ་ཞིང་དགེ་ཕྱོགས་སུ་བློ་སྣ་གོང་འཕེལ་དུ་གཏོད་མཁན་རེ་བསྟེན་ཏེ་ཚོགས་འདོན་འགྲིག་ལམ་གྱི་རིམ་པ་ངེས་པར་བྱས་ནས་འཇུག་དགོས་སོ།། ཞུགས་ནས་ཀྱང༌། སྤང་བླང་གི་རིམ་པ་དང༌། དགེ་སྡིག་གི་ཕན་ཡོན་དང་ཉེས་དམིགས་མི་ཤེས་བར་ཆོ་ག་རེ་དང༌། སྔགས་གྲངས་པ་ལ་སོགས་པ་ཙམ་གྱིས་མཁས་པར་རློམས་པས་བདེ་འགྲོ་ཙམ་ཐོབ་པ་ཕར་ཟད་ངན་འགྲོའི་སྒོ་ཡང་ཁེག་མི་ཐུབ་པས། དེས་ན་སྐྱེ་བོ་གསོ་ཐིག་ལས། གཞོན་པའི་དུས་སུ་རིགས་པ་བསླབ། །བཞོ་འདོད་བ་མོ་དགུན་ནས་གསོ། །དྲོད་གཤེར་ལྡན་དུས་ས་བོན་གདབ། །འདི་གསུམ་འབྲས་བུ་འབྱུང་བའི་རྒྱུ། །ཞེས་གསུངས་པ་ལྟར། མི་ཤེས་པ་ཉེས་ལྟུང་འབྱུང་བའི་སྒོ་སྡིག་ཤོས་ཡིན་པས། རང་རང་གི་ཁས་བླངས་པའི་སྡོམ་གསུམ་སོ་སོའི་བསླབ་བྱ། བློ་ནུས་དང་བསྟུན་པའི་ལམ་རིམ་བློ་སྦྱོང༌། རིགས་གནས་སོགས་ལ་ཐོས་པ་གལ་ཆེ། དེ་ཡང་ཐོས་ལོ་དང༌། རྙེད་བཀུར་སྙན་གྲགས་སོགས་ཚེ་འདིའི་ལག་ཆར་མ་སོང་བར་སྒོ་གསུམ་ཉེས་སྤྱོད་ལས་བཟློག་པའི་ཐབས་སུ་འགྲོ་དགོས་སོ། །གཉིས་པ་ཞུགས་ནས་འགྲིག་ལམ་ཉམས་སུ་ལེན་ཚུལ་ནི། ཞོག་ཁ་སྔ་བར་བཞེངས་ཏེ། དྲག་ཤུལ་ཅན་ཀྱིས་ཞུས་བའི་མདོ་ལས། སྐད་ཅིག་གཅིག་ལ་ཡང་རྙོག་པ་དང་འགྲོགས་པར་མི་བྱེད་པར་ངུར་སྨིག་རྣམས་བཅང་བར་བྱ། ཞེས་གསུངས་པ་ལྟར། གོས་ངུར་སྨྲིག་འདི་དག་གྱོན་ནས་ཉོན་མོངས་བའི་རྙོག་པས་མ་གོས་པར་བྱ་སྙམ་པའི་འཕེན་པ་བཏང་སྟེ། འདུལ་བ་ནས་བཤད་པ་ལྟར་གྱི་གོས་ཚགས་བཅོས་ནས། ཁྲུས་དང༌། ངག་བྱིན་བརླབས། དུས་དྲན་བསྟེན་པ་སོགས་སྔོན་དུ་འགྲོ་བས་དགེ་སྦྱོང་ཅི་རིགས་བསྐྱངས་ཏེ། མཁར་བརྡ་བརྡུང་བ་དང་བསྟུན་སྤྱོད་ལམ་དལ་བུས་འདུ་ཁང་ནང་དུ་ཕེབས་ནས་བགྲེས་རིམ་གྱིས་བསླབ་གྲལ་ངེས་པར་བྱེད།དེའི་ཚེ་ལྷམ་གྱོན་པ། གདེགས་ང་མེད་པ། ཕོང་གཏམ་སྨྲ་བ་གཉིད་ལོག་པ། འཕྱར་གཡེངས། འཕྲེང་ཉལ་རྒྱལ་བསྙེལ་སོགས་མི་བྱེད་པར་དུལ་བར་བཞུགས་ཏེ། བྱིངས་འདྲེན་གྱིས་རྟ་འདུར་དབྱངས་གསུམ་ལ་དལ་མྱུར་གང་གི་དབུ་བསྐུལ་ཀྱང་ཐེན་ཁྱེར་མེད་པར་ཀུན་ཀྱིས་ཁུར་དུ་ལེན། བཟའ་བཏུང་གི་ཚེ་ཕུ་ཕུ་ཅག་ཅག་སོགས་ཀྱི་སྒྲ་བསྐྱུངས་ཏེ་ཁམ་ཆེ་ཆུང་རན་པས་ཚུལ་མཐུན་དུ་ལོངས་སྤྱོད། ཞལ་འདོན་གྱི་སྐོར་ལ། ཟླ་བ་དང་པོའི་ཚེས་བརྒྱད་ལ་སྨོན་ལམ་ཡར་འཚོགས་བྱས་ཏེ། ཤེར་སྙིང༌། སྐྱབས་འགྲོ། བླ་མཆོད། བཟང་སྤྱོད། ཇ་གཉིས་པའི་འཕྲོར་གྲོལ་ཆུང༌། འཇིགས་བྱེད་ལྷ་བཅུ་གསུམ་མ། གསེར་ཞུན་མའི་མཇུག་ཏུ་གྲོལ་ཆེན། ཡར་ཚོགས་ནས། དམིགས་བརྩེ་མ་རྒྱངས་འཐེན། ལེགས་བྲིས་མ། སྐབས་གསུམ་པ། བྱམས་སྨོན་དང་ཐོག་མཐའ་བ་གཉིས་རེས་མོ། ཁྲུས་གསོལ་རྒྱས་པ། རྣམ་ཐར་གཉིས་རེས་མོ། ཡོན་ཏན་གཞིར་གྱུར་མ། བསྔོ་བ་དང་བསྟན་འབར་མ་བདེ་སྨོན་རྣམས་བླ་མས་གསུངས། དམིགས་བརྩེ་མ་གསུངས་ནས་གྲོལ། ཕྱི་ཉིན་ནས་ཕལ་ཆེར་འདྲ་བ་ལ་ཆོ་ག་གསང་འདུས། བཅུ་བཞིའི་ཉིན་བསྐང་གསོ་རྒྱས་པ་དང་སྨོན་ལམ་བསྡུས་པ། བཅོ་ལྔའི་ཉིན་གསོ་སྦྱོང༌། བཅུ་དྲུག་གི་ཉིན་ལྷ་བཅུ་གསུམ་མ་རྒྱས་པ། གསེར་ཞུན་མ། བྱམས་པ་གླིང་བསྐོར་གྱི་འཕྲོར་ཤིས་བརྗོད་བྱས་ནས་གྲོལ། ཉེར་གཅིག་ནས་ཉིན་གསུམ་ལ་བདེ་མཆོག་བདུན་སྒྲུབ་ཀྱི་དབྱངས་ཅག་རྒྱས་པ། གསུམ་གྱི་དགོང་མོ་ཡར་ཚོགས་བྱས་ཏེ། མཇུག་གི་ཀླུ་ཆོག་བར་རྒྱུད་གྲྭ་བཀྲ་ཤིས་བྱང་ཆེན་གླིང་གི་ཕྱག་བཞེས་ཇི་བཞིན་བྱེད། ཟླ་བ་གསུམ་པའི་ཚེས་གཅིག་ནས་མི་འཁྲུགས་པའི་བདུན་སྒྲུབ་བཅུ་གསུམ་ནས་སྨྱུང་གནས་མཆོག་བརྒྱད། འདི་སྐབས་བུད་མེད་འགའ་སྨྱུང་གནས་འོང་ཚེ། རང་ཚུགས་མ་ཉམས་པར་བྱས་ཏེ། ཁྱིམ་པ་མ་དད་པ་དང་རང་གི་ཚངས་སྤྱོད་ཀྱི་བར་ཆད་དུ་མི་འགྱུར་བ་བྱེད། བཞི་པའི་ནང་དུ། མཎ་ཆེན་ཉིན་ལྔ་དང་སྨྱུང་གནས། ཟླ་བ་ལྔ་པའི་བཅུ་གཉིས་ནས་ཉིན་བཞི་ལ་གདུང་མཆོད། ཉེར་གསུམ་ནས་བཟློག་ཆེན། དྲུག་པའི་ཚེས་གསུམ་ནས་མ་ཎིའི་སྒྲུབ་མཆོད། བདུན་བརྒྱད་གཉིས་ལ་སྨྱུང་གནས། བཅུ་དྲུག་ནས་སྤྱི་བ་མ་གཏོགས་ཐམས་ཅད་ཀྱིས་དབྱར་ཁས་ལེན། ཐབས་མེད་ཀྱིས་ཁས་ལེན་རྒྱུ་མ་བྱུང་ཚེ་དགོངས་པ་ཞུ། དབྱར་གནས་སྐབས། གསང་འདུས་བདུནསྒྲུབ། བསྐང་བ་བདུན་སྒྲུབ། ལྷ་མོའི་བསྐང་པ་ཁྲི་འགྲོ་ངེས། སྨན་བླའི་མདོ་ཆོག་ཉིན་བཞི། ཀུན་རིག་བདུན་སྒྲུབ། ཡ་མ་རཱ་ཛ་བདུན་སྒྲུབ། འཇིག་བྱེད་བདག་འཇུག་བདུན་སྒྲུབ་རྣམས་དགོས། དབྱར་གནས་སྐབས་ཇ་ལྔ་རེ། གནམ་གང་ཉིན་ཇ་ཐུག་དྲུག། སྤྱི་བ་སོ་སོའི་ཚོགས་གང་ལ་ཡང༌། ལོ་མའི་སེར་ས་དང༌། ཐུད་ཀྱི་སྔོ་ས་མ་ཡིན་པར་ཇ་ཐུག་སྐུ་འགྱེད་གང་ལ་ཡང་གང་བཟང་བཟང་ནས་ཆོས་སྒྲུབ་པའི་ཆ་རྐྱེན་འཁྱོངས་ངེས་བྱ། དབྱར་གནས་ཀྱི་མགོ་མཇུག་ཀུན་ཏུ་ཕུད་མཆོད་བཟོས་ནས། དཀོན་མཆོག་རྗེས་དྲན་དང༌། རྒྱུན་ཆགས་གསུམ་པ་གསུངས་ཏེ་དགུང་བཅད་མ་ཆགས་པ་བྱེད། དེར་མ་ཟད་དུས་རྒྱུན་དུ་ཕྱི་དྲོའི་ཁ་ཟས་སྤོང་བ་དང༌།། ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་དང་མར་ངོ་ལ་གསོ་སྦྱོང་ཚུལ་བཞིན་དུ་བྱ་བ་སོགས་བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ལག་ལེན་ལ་བརྩོན་པ་གལ་ཆེ། ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ནས་སྒྲོལ་མ་དང་རྣམ་རྒྱལ་མ། བཅུ་པའི་ནང་ལྔ་མཆོད་ཉིན་ལྔ། བཅུ་གཅིག་པའི་ཉེར་གསུམ་ནས་ཐམས་ཅད་དགུན་མཚམས་ལ་འདུག བཅུ་གཉིས་པའི་ཉེར་གཉིས་ཉིན་དགུ་གཏོར་ཡར་ཚོགས་བྱས་ཏེ། ཉིན་བདུན་གྱི་རིང་བསྟན་པའི་འཕེལ་རྒྱས་ལ་དམིགས་པའི་འདོན་པ་གང་རྒྱས་བྱེད། གནམ་གང་གནས་བཅུ། འགྲིག་ལས་ཆེས་ཕྲ་གང་ལ་ཡང་དགེ་བསྐུལ་ནས་ཕྱོགས་ལྷུང་མེད་པར་ཁུར་དུ་ལེན། དུས་མཆོད་གང་ཡིན་གྲོལ་བ་ནས། ཁ་མཚམས་གང་ལ་བབས་བའི་མི་བཞི་རེ་རྒྱུན་དུ་ཚོགས་ནས་དཀྱུས་ཀྱི་འདོན་པ་ལྷག་ཆད་མེད་པར་གསུང་དགོས། ཚོགས་མེད་ཚེ་ཐམས་ཅད་གླིང་ནས་བཞུགས་ཏེ། རྒན་པ་རྣམས་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་དང༌། གསར་བུ་བ་རྣམས་ཀྱིས་སྡེ་འདིའི་ཐུན་མོངས་མ་ཡིན་པའི་ཆོ་ག་ཆོས་སྤྱོད་བློ་འཛིན་དང༌། འདོན་རྟ་དབྱངས་ཕྱག་ལེན་བློ་ནུས་དང་བསྟུན་པའི་བསྐྱེད་རྫོགས། སྡོམ་གསུམ་བསླབ་བྱ་ལམ་རིམ་བློ་སྦྱོང༌། ཐ་ན་ཡི་གེ་འབྲི་བ་ཚུན་ཆད་བསླབ་སྦྱངས་ནན་ཏན་བྱེད་པ་མ་གཏོགས། གྲོང་ཡུལ་དུ་སོང་སྟེ། ཕྱུགས་འཚོ་སྐྱོང་ཚོང་ཁེ་བུན་བསྐྱེད། རྩྭ་དང་ཤིང་འཐུ་བ་སོགས་བྱས་ན། སྤྱིར་དགོན་པའི་དམིགས་ལྟོས་ལ་གནོད་ཅིང༌། རང་ཉིད་རབ་ཏུ་བྱུང་བ་དོན་མེད་དུ་སོང་ནས་ངན་སོང་གི་རྒྱུ་སྒྲུབ་པ་ཡིན་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། ནོར་དང་འབྲུ་ལ་སྙིང་པོ་འདུ་ཤེས་ཤིང༌། །བཞོན་དང་བ་ལང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅིའི་ཕྱིར་མགོ་བོ་བྲེགས། ཅེས་གསུངས་པའི་ཕྱིར་རོ། །གནང་བ་མ་ཞུས་པར་བུད་མེད་གླིང་གསེབ་ཏུ་མི་གཏོང་བ་དང༌། གནང་བ་ཞུས་ཀྱང་བུད་མེད་ཞག་ཏུ་མི་སྡོད་པ་གལ་ཆེ་སྟེ། ཇི་སྐད་དུ། ཁྱི་དང་ཉེ་ན་རྨ་དང་ཉེ། །རྨ་དང་ཉེ་དང་རུལ་དྲི་བྲོ། །ཞེས་གསུངས་པ་ལྟར། སྟབས་ཉེས་ན་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་པས་འདི་ལ་ནན་ཏན་བྱ། ཕམ་བ་བྱུང་བ་དང༌། བླ་མ་ལས་སྣེ་ལ་ཁ་ལན་ལག་ལན་བྱེད་པ་རྣམས་གནས་དབྱུང་བྱ། གཞན་ལ་ཉེས་པ་ཆེ་ཆུང་དང་འཚམས་པའི་ཆད་པ་འགེལ། གྲི་མཚོན་འཆང་བ། ཐ་མལ་འཐེན་བ། ཁ་མ་བསྒྱུར་བའི་གོས་གྱོན་པ་སོགས་ཁྱིམ་པ་དང་ཁྱད་མེད་ཀྱི་ལས་རྣམས་མི་བྱེད། སྒོ་གཉེར་ནས་གཙུག་ལག་ཁང་གད་བདར་དང་ཡོན་ཆབ་འབུལ་བ་སོགས་ལེ་ཤོར་དུ་མ་སོང་བ་བྱ། རྒན་པ་གཉིས་ནས་གཙུག་ལག་ཁང་ལ་དབྱར་ཁ་ཝ་ཁ་ཐིགས་འཛེག་སོགས་མི་རལ་བའི་ཐབས་ཚུལ་དང་དགོན་པའི་ལས་དོན་ལ་ཤ་ཚ་གྲོས་འདེབས་བྱེད། མདོར་ན་གོང་དུ་བཤད་པའི་འགྲིག་ལམ་ཚུལ་བཞིན་དུ་ཉམས་སུ་བླངས་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བདེ་བླག་ཏུ་འབྱུང་པ་ཡིན་ཏེ། །འཇམ་མགོན་ཆོས་ཀྱི་རྒྱལ་པོས། གནས་སྐབས་འབྲས་བུ་ལྷ་མི་དང༌། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་བར་འགྱུར་ཞེས་གསུངས་པའི་ཕྱིར། །བརྩོན་ལྡན་རྣམས་ཀྱིས་སོ་སོར་ཐར། །རྟག་ཏུ་གུས་པས་འབད་དེ་སྲུངས༌། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། སྡེ་བཞིའི་ལུང་གི་ཆུ་གཏེར་ལས་འོངས་པའི། །རྣམ་དག་བཅའ་ཁྲིམས་བསམ་འཕེལ་དབང་གི་རྒྱལ། །སྙིང་གི་མཛོད་དུ་བརྩོན་པས་ཉེར་བཅིངས་ན། །དོན་གཉིས་དགའ་སྟོན་འཕྲལ་དང་ཡུན་དུ་མྱོང༌། །དམ་ཆོས་ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། །ཆོས་སྲུང་རྒྱ་མཚོའི་མཐུན་རྐྱེན་ཚུལ་བཞིན་སྒྲུབ། །དཀར་ཕྱོགས་ལྷ་ཡིས་སྙན་གྲགས་རབ་སྤེལ་བས། །འདོད་དོན་ཡིད་བཞིན་འགྲུབ་པ་སྨོན་ཅི་འཚལ། །འདི་བྲིས་དགེ་བའི་ཉལ་འགྲོ་མ། །དུས་གསུམ་བསགས་པའི་ཀླུང་རྒྱུན་དང༌། །མཉམ་འགྲོགས་བྱང་ཆུབ་རྒྱ་མཚོ་ཆེར། །ཞུགས་ནས་སྐྱེ་འགྲོའི་གདུང་སེལ་ཤོག།།ཅེས་སྒྲུབ་སྡེ་དགའ་ལྡན་ཆོས་འཁོར་གླིང་གི་བཅའ་ཡིག་རྣམ་གྲོལ་ཐར་པའི་འབབས་སྟེགས་ཞེས་བྱ་བ་འདི་ནི་དགོན་དེའི་དགེ་བསྐུར་བློ་བཟང་རྒྱ་མཚོ་ནས་ནན་ཆེར་བསྐུལ་མོ་མཛད་ནའང་ནམ་འགྱངས་སུ་ལུས་ཚེ་སླར་ཡང་ལས་སྣེ་རྣམས་ཀྱིས་ནན་ཆེར་བསྐུལ་ངོ་མ་བཟློག་པར་ ༧  དབྱངས་ཅན་བཞད་པས་ལྕགས་སྦྲུལ་ཟླ ༤/ ༢༧ ཚེས་ལ་ཆོས་སྡེ་ཆེན་པོ་འཇམ་དཔལ་སྨྲ་བའི་སེངྒེའི་གླིང་དུ་སྦྱར་བ་ཛ་ཡནྟུ།།   
༄༅། །སྟོབས་འཕྲོག་གདོང་བཞི་པ་ལ་གཤེགས་གཏོར་འབུལ་ཚུལ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ། །འདིར་དཔལ་མགོན་གདོང་བཞི་བ་ལ་གཤེགས་གཏོར་འབུལ་བར་འདོད་པས། །མཆོད་གཏོར་འདུ་བྱས། །རང་ལྷའི་རྣལ་འབྱོར་ལ་གནས་པས། །གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། །སྔགས་དྲུག་ཕྱག་རྒྱ་དང་བདེན་སྟོབས་བརྗོད། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། གངས་ཏེ་སེ། བསིལ་བའི་ཚལ། པོ་ཊ་ལ། སངྒིའི་གླིང༌། ཧ་ཧ་རྒོད་པའི་དུར་ཁྲོད། །དར་ལུང་གཉན་གྱི་ཕོ་བྲང༌། །གནས་མཆོག་ཁའུའི་བྲག་རྫོང༌། །ཕུ་གསུམ་འོལ་དགའ་དཔལ་ལྡན་ས་སྐྱ། །ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ལ་སོགས་པའི་གནས་རྣམས་ནས་སྟོབས་འཕྲོག་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་བ་ཡུམ་བཞི་དྲེགས་པའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མ་ཡ་ཛཿ ཧཱུཾ་སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བདེ་སྟོང་དབྱེར་མེད་ཆོས་འབྱུང་ཡངས་པའི་ནང༌། །ཁྲག་ཞག་རྦ་ཀློང་རབ་འཁྲུག་པད་ཉིའི་སྟེང༌། །དགྲ་བགེགས་བམ་ཆེན་བསྒྱེལ་བའི་གདན་ཁྲི་ལ། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས། །སྣང་སྟོང་ཚོགས་པའི་རོལ་པ་ལས་བྱུང་བའི། །ཞི་དྲག་ཉེར་སྤྱོད་འདོད་ཡོན་རྣམ་པ་ལྔ། །ཕྱག་མཚན་བརྒྱན་དང་གོ་མཚོན་སྲོག་ཆགས་སོགས། །མཐུན་བས་མཆོད་སྤྲིན་རྒྱ་མཚོ་འབུལ་གྱིས་བཞེས། །བེད་སྤྱོད་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །སྦྱངས་རྟོག་སྦར་བའི་དམར་ཆེན་གཏོར་མ་འདི། །སྟོབས་འཕྲོག་གདོང་བཞི་འཁོར་དང་བཅས་ལ་འབུལ། །བཤད་སྒྲུབ་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ལན་གསུམ། སྟོབས་འཕྲོག་དབང་པོ་འཁོར་དང་བཅས་བའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཤིང་གསོལ་བར་གྱུར། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། པི་ཀྵ་ལ། ར་ཏྲི་ཏ། ཊོ་མྦྷ་ནཱི། ཙནྜ་ལཱི། རཀྵ་སཱི། སངྒ་ལཱི་དེཝཱ་ས་བ་རི་ཝཱ་ར་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿ སརྦ་ཐཱ་ཁཾ་ཨུདྷ་ཏེ། སྦ་ར་ཎ་ཨི་མི། ག་ག་ན་ཁཾ་གྲྀཧྞ་ད་ཀཱ་བ་ལི་ཏ་སྭཱཧཱ། ཞེས་ལན་གསུམ་མམ་ལྔ། ཕྱི་མཆོད་དང་ནང་མཆོད་ཕུལ། ལྷ་ཆེན་ནག་པོ་ཞལ་བཞི་ཡབ་ཡུམ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བསྟན་པ་དང་བསྟན་འཛིན་སྡེ་དང་བཅས་པ་སྐྱོང་ཞིང༌། །ཁྱད་པར་རིག་པ་འཛིན་པ་བདག་ཅག་གི་འགལ་རྐྱེན་ཞི་ཞིང་བསམ་པ་འགྲུབ་པ་དང༌། བྱང་ཆུབ་ཀྱི་བར་དུ་བསྲུང་སྐྱོབས་མཛད་དུ་གསོལ། གཞི་བདག་གཏོར་མ་བསྔོ། ཧཱུཾ་ཧེ་རུ་ཀ་དཔལ་གཏུམ་དྲག་སྲིན་པོའི་གཟུགས། །བདུད་སྡེའི་སྙིང་ལ་བྲོ་བརྡུང་དཔའ་བོ་ཆེ། །ཡུམ་ཆེན་བཞི་དང་སྡེ་བརྒྱད་དྲེགས་པའི་ཚོགས། །ཡུལ་ལྷ་གཞི་བདག་གཉན་པོ་འཁོར་བཅས་ཀྱིས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག།།ཤ་ཁྲག་དམར་གྱི་གཏོར་མ྾། །ཛམ་བུ྾། །སྨན་རག྾། །ཛ་གད྾། །གཙང་མ་ཕུད་ཀྱི་གསེར་སྐྱེམས༌྾། །སྔར་བཅོལ༌྾། །ད་བཅོལ྾། །འགྲོ་བའི་དོན་ལ་མཐུ་དང་དབང་ཐོབ་ཤོག།།དེ་ནས་མངའ་གསོལ་ནི། དཔལ་ལྡན་མཧཱ་ཀཱ་ལ་མཐུ་བོ་ཆེ། །ཁྱོད་ནི་དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །འགྲོ་བའི་ཕན་བདེ་ཀུན་གྱི་འབྱུང་གནས་ཕྱིར། །རྩ་བརྒྱུད་བླ་མའི་ངོ་བོར་མངའ་གསོལ་ལོ། །ལྷན་ཅིག་སྐྱེས་དངོས་སྒྲིབ་བྲལ་ཆོས་ཀྱི་སྐུ། །ཉེར་བཞིའི་ཡུལ་གྱི་དཔའ་བོ་མཁའ་འགྲོའི་གཙོ། །བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ཅན། །ཁྱབ་བདག་འཁོར་ལོ་སྡོམ་པར་མངའ་གསོལ་ལོ། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཁྱོད་ཉིད་དེ། །ལུང་རྟོག་དམ་ཆོས་མ་ལུས་འབྱུང་བའི་གནས། ། རབ་འབྱམས་འཕགས་ཚོགས་ཀུན་གྱི་གཙོ་བོ་ཁྱོད། །སྐྱབས་གསུམ་ཀུན་འདུས་ཉིད་དུ་མངའ་གསོལ་ལོ། །ཟབ་ཞི་ཆོས་ཀྱི་སྐུ་ལས་མ་གཡོ་ཡང༌། །བསྟན་པ་སྲུང་ཕྱིར་མཐུ་སྟོབས་མི་བཟད་པས། །དགྲ་བགེགས་ཐལ་བར་བརླག་མཛད་མཐུ་ལྡན་གྱི། །སྲུང་མ་ཀུན་གྱི་གཙོ་བོར་མངའ་གསོལ་ལོ། །ཁྱོད་ནི་ཁམས་གསུམ་ཡོངས་ལ་མངའ་མཛད་ཅིང་། །སྲིད་གསུམ་དྲེགས་པ་ཅན་ཀུན་ཁྱོད་ཀྱི་བྲན། །འཇིག་རྟེན་གསུམ་ན་འགྲན་ཟླ་མ་མཆིས་པའི། །རྣལ་འབྱོར་དགྲ་ལྷ་ཆེན་པོ་མངའ་གསོལ་ལོ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་བཀའ་བསྒོས་ནས། །རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཟབ་མོ་དང༌། །མཐའ་བྲལ་ལྟ་བ་ཟུང་འབྲེལ་ཉམས་ལེན་པའི། །ཐུབ་བསྟན་སྙིང་པོའི་སྲུང་མར་མངའ་གསོལ་ལོ། །དེང་ནས་བཟུང་སྟེ་བདག་ཅག་འཁོར་བཅས་ཀྱི། །སྐྱབས་མགོན་སྲུང་མའི་གཙོ་བོར་ཁྱོད་མངའ་གསོལ། །དགྲ་བགེགས་ཐལ་བར་རློག་དང་འཕྲིན་ལས་བཞིའི། །དངོས་གྲུབ་ཆར་ཆེན་འབེབས་ལ་མ་གཡེལ་ཅིག།།བླ་མ་ཡི་དམ་རྣམས་ཀྱི་བྱིན་རླབས་དང༌། །ལྷ་ཆེན་དྲག་པོ་ཞལ་བཞིའི་མཐུ་སྟོབས་ཀྱིས། །གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་ཀྱི། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག།།དེ་ནས། མཐུན་པའི་དངོས་གྲུབ་མ་ལུས་པ། །ཞེས་སོགས་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་སྟོབས་འཕྲོག་གདོང་བཞི་པ་ལ་གཤེགས་གཏོར་འབུལ་ཚུལ་འདི་ནི་ཀུན་རིག་ཁང་ཚན་འདུས་སྤྱི་དང་དབུ་མཛད་དཀོན་མཆོག་མཁས་གྲུབ་ཀྱིས་ལྷ་རྫས་བཅས་བསྐུལ་བ་ལྟར། ༧ དབྱངས་ཅན་བཞད་པས་རྡོ་རྗེའི་སྦྱར་བ་ཛ་ཡནྟུ།། །།    
༄༅། །མཐའ་ཀླས་རྒྱལ་བའི་བྱ་སྒྲུབ་ཡེ་ཤེས་ཉིད། ། འགྲོ་ཀུན་སྲིད་ཞིའི་འཇིགས་ལས་སྒྲོལ་བའི་ཕྱིར། །མཚར་སྡུག་ལྷ་མོའི་སྐུ་ཡི་རྣམ་རོལ་བ། །རྒྱལ་ཡུམ་འཕགས་མའི་ཞབས་པད་གཙུག་ན་རྒྱལ། །གང་གིས་ལུས་ཅན་འཇིགས་སྐྲགས་སྡུག་བསྔལ་ལས། །བསྐྱབ་སྟེ་བདེ་བའི་དབུགས་འབྱིན་མཛད་པ་ཡི། །ལོ་རྒྱུས་རི་མོའི་ལམ་དུ་བཀོད་པ་འདིའི། །ལེགས་བྱའི་ཟླ་བའི་དཔལ་ལྟར་དཀར་བའི་མཐུས། །ཕན་བདེའི་གཞི་རྟེན་རྒྱལ་བསྟན་དར་ཞིང་རྒྱས། །བཤེས་གཉེན་མགོན་གྱི་ཞབས་པད་རྟག་བརྟན་ཅིང༌། །དགེ་འདུན་སྡེ་འཕེལ་སྦྱིན་བདག་འབྱོར་བ་རྒྱས། །ཡུལ་ལྗོངས་འདིར་ཡང་བདེ་སྐྱིད་འཕེལ་གྱུར་ཅིག། ལྟོས་བཅས་རྒྱུ་སྦྱོར་སྦྱིན་བའི་བདག་པོ་རྣམས། །ཕྱི་ནང་འཇིགས་ཆེན་བརྒྱད་ལས་ཉེར་བསྐྱབ་ནས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བརྩེ་བའི་གཟིགས་ནས་མགོན་སྐྱབས་དཔུང་གཉེན་མཛོད། །དར་འབྱོར་རྟེན་ཐོབ་བཤེས་གཉེན་དམ་པ་ཡི། །རྗེས་བཟུང་ཟབ་རྒྱས་གདམས་པས་རྒྱུད་སྦྱངས་ནས། །ཐུན་མོང་ཐུན་མོང་མིན་པའི་ལམ་བཟང་རྣམས། །རིམ་བགྲོད་མཐར་ཐུག་ཟུང་འཇུག་སྐུ་ཐོབ་ཤོག།།ཅེས་པ་འདི་ནི་དགེ་སློང་བློ་བཟང་དོན་ཡོད་ནས་མོས་པ་ལྟར། ༧ དབྱངས་ཅན་བཞད་པས་སྦྱར་བའོ།། །།   
༄༅། །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང༌། །རྒྱལ་ཡུམ་འཕགས་མ་སྒྲོལ་མའི་ཐུགས་རྗེ་དང༌། །འགྱུར་མེད་ཆོས་དབྱིངས་བསླུ་བ་མེད་པའི་མཐུས། །རླུང་རྟའི་དགེ་མཚན་མཚོ་ལྟར་རྒྱས་པར་མཛོད། །ཅེས་བ་འདི་ནི་དབྱངས་ཅན་བཞད་པས་བྲིས་པའོ། །གཡང་འབོད་ལ་ཚིག་རྗེས་མ་ལ། ཕྱྭ་གཡང་དཔལ་འབྱོར་མཚོ་ལྟར་རྒྱས་པར་མཛོད། །ཅེས་བསྒྱུར། འགོང་བཀར་ལ། བསེར་རག་བྱུར་འགོང་གནོད་བྱེད་དབྱིངས་སུ་བསྐྲད། ཅེས་བསྒྱུར།།
༄༅། །རིགས་བརྒྱའི་ཁྱབ་བདག་རྩ་བའི་བླ་མ་དང༌། །དབྱེར་མེད་བེཌཱུརྱ་སྣང་ཞིང་གི་མགོན། །མཚན་ཙམ་གྱིས་ཀྱང་ནད་དང་སྡུག་བསྔལ་ཀུན། །འཇོམས་མཛད་སྨན་པའི་རྒྱལ་པོར་གསོལ་བ་འདེབས། །བདེ་གཤེགས་བདུན་གྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །སྔོན་ལས་འཕྲལ་རྐྱེན་ངན་པས་བསྐྱེད་པ་ཡི། །ནད་གདོན་སྡུག་བསྔལ་བར་ཆད་ཀུན་ཞི་ཞིང༌། །ཚེ་བསོད་བདེ་སྐྱིད་དབྱར་མཚོ་ལྟར་རྒྱས་ཤིང༌། །བཅོས་མིན་གཞན་ཕན་སྙིང་རྗེས་རྒྱུད་བསྐུལ་ཏེ། །རྒྱལ་སྲས་སྤྱོད་པའི་ཉམས་ལེན་མཐར་ཕྱིན་ནས། །སྲིད་ཞིའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ། །བླ་མེད་གཏན་བདེའི་དཔལ་ལ་རེག་གྱུར་ཅིག།།ཅེས་པ་འདི་ནི་དབྱངས་ཅན་བཞད་པས་བྲིས་པའོ།།   
༄༅། །རཾ་ཡཾ་ཁཾ་ཨོཾ་ཨཱཿ ཧཱུཾ། ཧཱུཾ་བྱིན་རླབས་གཏེར་ཆེན་རྩ་བརྒྱུད་བླ་མ་དང༌། །ཡིད་དམ་ལྷ་དང་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་སྲུང་ནོར་ལྷ་གཏེར་བདག་ཡུལ་གཞིའི་བདག།།གནས་ཡུལ་སྐྱོང་བའི་ཟོ་དེང་མ་ལུས་བསང༌། །གཞན་ཡང་ཆོས་དང་གཏེར་གྱི་བདག་པོ་དང༌། །ཁ་འཛིན་སྡོངས་གྲོགས་རྒྱབ་རྟེན་བྱེད་པའི་ལྷ། །ས་བདག་ཀླུ་གཉན་ཚོགས་རྣམས་མ་ལུས་བསང༌། །གང་བཅོལ་རྣམ་བཞིའི་འཕྲིན་ལས་འགྲུབ་པར་མཛོད། །དབྱངས་ཅན་བཞད་པས་རྡོ་རྗེས་སྦྱར་བའོ།།   
༄༅། །ན་མོ་གུ་རུ། འདིར་ཡུལ་སྐྱོང་ཆེན་པོ་ལ་བསང་མཆོད་འབུལ་བར་འདོད་པས། བསང་དང་གསེར་སྐྱེམས་སོགས། འདུ་བྱས་ལ་རྟ་མཆོག་རོལ་བ་སོགས། ཡི་དམ་གྱི་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས་བསང་རྫས་བྱིན་རླབས་ནི། རང་ཉིད་ལྷ་གསལ་ས་བོན་འོད་ཟེར་གྱིས། །མ་དག་སྐྱོན་སྦྱངས་སྣོད་བཅུད་ཡེ་ཤེས་ཀྱི། །རྣམ་རོལ་བསངས་རྫས་མཆོད་པའི་བྱེ་བྲག་རྣམས། །ཟད་མེད་མཁོ་དགུའི་གཏེར་གྱི་ཕུང་པོར་གྱུར། །ཨོཾ་ཨཱཿ ཧཱུཾ། ལན་གསུམ། ཀྱཻ་རབ་བརྗོད་བཀོད་ལེགས་ནགས་ཚལ་ཕྲེང་བ་ཡིས། །ཡོངས་བསྐོར་རང་སྣང་གཞལ་མེད་ཁང་བཟང་ནས། །ནོར་གྱི་དབང་ཕྱུག་རྩེ་རྒྱལ་དྲེགས་པའི་རྗེ། །གསང་ཡུམ་སྲས་བློན་འཁོར་བཅས་གནས་འདིར་བྱོན། །ཆོས་དབྱིངས་བདེ་བའི་རྣམ་རོལ་མཆོད་པའི་སྤྲིན། །བཀོད་ལེགས་ཕུལ་བྱུང་འཛིན་མའི་ཁྱོན་འགེངས་བ། །དཀར་མངར་ཇ་ཆང་བཏུང་བ་རྒྱ་མཚོ་དང༌། །དྲང་སྲོང་ཆེན་པོའི་སྔོན་ཚེ་མཆོད་རྫས་སུ། །བྱིན་གྱིས་བརླབས་བའི་རྫས་རྣམས་བསྲེགས་པ་ཡིས། །དུད་སྤྲིན་འདོད་ཡོན་ལྔ་ལྡན་བསང་མཆོད་འདིས། །ནོར་བདག་རྩེ་རྒྱལ་སྲས་བློན་འཁོར་བཅས་བསངས། །དགྱེས་པར་རོལ་ལ་གྲུབ་དབང་པདྨ་སོགས། །རྩ་རྒྱུད་བླ་མའི་བཀའ་དང་ཐ་ཚིག་བཞིན། །བསྟན་དང་བསྟན་འཛིན་དགེ་འདུན་འདུས་པའི་སྡེ། །སྲུང་སྐྱོབས་མ་གཡེལ་བུ་ལྟར་སྐྱོངས་མཛོད་ལ། །མ་རིག་དབང་གིས་ཁྱོད་ཐུགས་འགལ་བའི་ལས། །གང་བྱས་དམིགས་མེད་ཀློང་དུ་བཤགས་བགྱིད་ན། །གཞུང་བཟང་ཚུལ་གྱི་བརྩེ་བས་བཟོད་བར་མཛོད། །བདག་ཅག་དཔོན་སློབ་སྡེ་བཅས་ཐམས་ཅད་ལ། །འཁུ་བའི་སེམས་ལྡན་དགྲ་བགེགས་འབྱུང་པོའི་ཚོགས། །ཚར་གཅོད་ནག་ཕྱོགས་དགྲ་ལས་རྣམ་རྒྱལ་བའི། །རབ་མཛེས་བ་དན་སྲིད་པའི་རྩེར་བགོད་མཛོད། །དེ་ལྟར་ལྷ་ཁྱོད་མཆོད་པའི་འོད་སྣང་གིས། །ཆོས་འབྱོར་བདེ་སྐྱིད་པད་ཚལ་རབ་རྒྱས་ཤིང༌། །རྟ་ཕྱུགས་ལུག་འཕེལ་གཡང་གི་ར་བ་གང༌། །གང་བསམ་དོན་འགྲུབ་ཀླུང་རྟ་རྒྱས་པར་མཛོད། །ནོར་བདག་དྲེག་པའི་སྡེ་དཔོན་ཆེན་པོ་ལ། །ཟག་མེད་བདེ་སྟེར་མཆོད་སྤྲིན་ཕུལ་བའི་མཐུས། །ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་དགའ་སྟོན་དཔལ། །རབ་རྒྱས་དགེ་ལེགས་ཤིས་པས་སྐྱོངས་གྱུར་ཅིག།།ཅེས་ཡུལ་སྐྱོངས་ཆེན་པོ་ལ་བསངས་མཆོད་འབུལ་ཚུལ་དགེ་ལེགས་ཆར་འབེབ་ཞེས་བྱ་བ་འདི་ནི་དགེ་སློང་བློ་བཟང་འཇམ་དབྱངས་ཀྱིས་བསྐུལ་བ་ལྟར། །དབྱངས་ཅན་བཞད་པས་བྲིས་བ་དགེ་ལེགས་འཕེལ།།   
༄༅། །རྨད་བྱུང་ཐུགས་བསྐྱེད་སྤྲིན་སྔོན་བ་གམ་ལས། །རླབས་ཆེན་འཕྲིན་ལས་གྲུ་ཆར་འབུམ་འཇོ་བས། །ཕན་དང་བདེ་བའི་པད་ཚལ་རྒྱས་མཛད་པའི། །བླ་མ་མཆོག་གསུམ་སྲུང་མས་ཤིས་པ་སྩོལ། །བློ་གྲོས་བཟང་པོའི་མ་ལ་ཡ་ཡི་རིར། །འཇམ་མགོན་ཆོས་ཚུལ་དཔལ་གྱི་དུམ་བུ་ལས། །འཆད་རྩོད་རྩོམ་པའི་གསུང་ཞིམ་འབུམ་སྤྲོས་པས། །རྒྱ་མཚོའི་གོས་ཅན་ཁྱབ་ལ་གསོལ་བ་འདེབས། །འཁོར་ལོ་གསུམ་གྱི་མཛད་བཟང་འོད་སྟོང་གིས། །དགེ་ལྡན་བསྟན་པའི་པད་ཚལ་བཞད་ཕྱིར་དུ། །ཞབས་པད་བསྐལ་བ་རྒྱ་མཚོར་རྟག་བརྟན་ཅིང༌། །མཛད་འཕྲིན་སྣང་པས་ས་གསུམ་ཁྱབ་གྱུར་ཅིག།།མ་ལུས་འགྲོ་བའི་ཕན་བདེ་བསྒྲུབ་པ་དང༌། །རྒྱལ་བའི་བསྟན་པ་ཕྱོགས་མཐར་སྤེལ་བས་ཕྱིར། ། ཐུགས་ཀྱི་དགོངས་བཞེད་གེགས་མེད་ལྷུན་གྲུབ་སྟེ། །བསྟན་འགྲོར་སྨན་པའི་མཛད་བཟང་རྒྱས་གྱུར་ཅིག།།བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང༌། །རྡོ་རྗེའི་གཡར་དམ་ལྷུར་བཞེས་སྲུང་མའི་དབང༌། །འགྱུར་མེད་སྤྲོས་བྲལ་ཆོས་དབྱིངས་བདེན་མཐུ་ཡིས། །ཡིད་ལ་སྨོན་པའི་རེ་འབྲས་ལྷུན་འགྲུབ་ཤོག།།ཅེས་པ་འདི་ནི་དད་ལྡན་ཝ་ཤུལ་དགེ་སློང་ཚུལ་ཁྲིམས་ཆོས་འཕེལ་གྱི་འདོད་མོས་ལྟར། ༧ དབྱངས་ཅན་བཞད་པས་སྦྱར་བ་དགེ་ལེགས་འཕེལ།། །།    
༄༅། །བསང་མཆོད་མདོར་བསྡུས་བཞུགས་སོ། །ཀྱཻ་མཛེས་བརྗིད་ཉམས་དགའི་ཕོ་བྲང་དམ་པ་ནས། །མཐུ་སྟོབས་དབང་ཕྱུག་སྐྱེས་མཆོག་རྡོ་རྗེ་ལེགས། །ཀླུ་གཉན་བཙན་དང་སྡེ་བརྒྱད་དཔུང་ཚོགས་བཅས། །དགྱེས་བཞིན་རང་བའི་ཚུལ་གྱིས་གནས་འདིར་གཤེགས། །སྣང་སྟོང་སྒྱུ་མའི་རོལ་བ་ལས་བྱུང་བའི། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྟགས་རྫས་བརྒྱད། །གོ་མཚོན་སྤྱན་གཟིགས་མཆོད་སྤྲིན་རྒྱ་མཚོའི་ཚོགས། །གུས་པས་འབུལ་ལོ་བརྩེ་བས་དགྱེས་བཞིན་བཞེས། །ཁྱད་པར་ཤིང་སྣ་ཟས་སྣ་གོས་སྣ་དང༌། །འབྲུ་སྣ་ལ་སོགས་བརྒྱ་ཕྲག་བསང་རྫས་རྣམས། །བསྲེགས་པའི་དུད་སྤྲིན་ཆུ་འཛིན་རྗེས་འགྲོ་འདིས། །ལྷ་ལམ་འཛིན་མའི་ཁྱོན་ཀུན་བཀང་སྟེ་འབུལ། །འབྲས་ཆང་རྒུན་ཆང་ནས་ཀྱིས་ཆང་ཕུད་དང༌། །རྒྱ་ཇའི་བཏུང་བ་འོ་ཞོ་མར་ཁུའི་མཚོ། །ཞིམ་མངར་རོ་བརྒྱའི་དཔལ་འཛིན་གསེར་སྐྱེམས་འདི། །དགྱེས་བཞིན་བཞེས་ལ་སྡོང་གྲོགས་མ་གཡེལ་ཞིག།།བདག་སོགས་ལྟོས་བཅས་མི་ནོར་འཁོར་འབངས་བཅས། །ཁྱེད་ལ་རེ་ཞིང་ལྟོས་ཚེ་མ་བསླུ་བར། །མ་གཡེལ་མ་འདའ་མཐུ་དཔུང་ཆེར་བསྐྱེད་དེ། །གང་བཅོལ་ལས་རྣམས་མྱུར་དུ་སྒྲུབ་པར་མཛོད། །ཡུལ་འདིར་ནད་ཡམས་མུག་གེ་དམག་འཁྲུག་དང༌། །དགྲ་ཇག་ཆོམ་རྐུན་གཅན་གཟན་འཚེ་བ་སོགས། །མི་འདོད་ཉེར་འཚེའི་རིགས་རྣམས་མི་འབྱུང་བར། །ཚེ་བསོད་སྟོབས་འབྱོར་དབང་ཀླུང་རྒྱས་པར་མཛོད། །མི་རྣམས་ཐམས་ཅད་བཙན་ཕྱུག་འཕན་དར་འཛོམ། །རྟ་ལུག་ནོར་གྱིས་རི་ཀླུང་ཐམས་ཅད་གང༌། །ཀུན་ཀྱང་ཡིད་མཐུན་བག་ཕེབས་བདེ་དགས་འཚོ། །ལུགས་གཉིས་འབྱོར་བ་ཟླ་ལྟར་རྒྱས་པར་མཛོད། །མདོར་ན་ལས་བཞིའི་འཕྲིན་ལས་ལྷུན་གྱིས་གྲུབ། །ཕུན་ཚོགས་སྡེ་བཞིའི་འབྱོར་བ་རབ་ཏུ་རྒྱས། །རྫོགས་ལྡན་གསར་བའི་གཟི་འོད་སྟོང་འབར་བས། །བདེ་སྐྱིད་པད་ཚལ་བཞད་པའི་གྲོགས་མཛོད་ཅིག། །།    ༄༅། །ཀྱཻ་རབ་བརྗིད་མར་གད་བརྩེགས་འདྲའི་རི་དབང་ལ། །གནས་བཅས་མི་ཕྱུགས་སྐྱོང་བའི་ཡུལ་ལྷའི་གཙོ། །སུམ་རྩེན་ཡུལ་གྱི་སྒེག་མོའི་ཁེངས་འཕྲོག་པའི། །ཕྱུགས་གཡང་མཛོད་འཛིན་ལྷ་རི་མཚོ་སྨན་རྒྱལ། །གཉན་ཆེན་དགྲ་ལྷའི་རྒྱལ་པོ་ཡུམ་སྲས་དང༌། །ཡུལ་འདི་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས། །མ་ལུས་བསང་མཆོད་མགྲོན་དུ་འབོད་ལགས་ན། །དགྱེས་བའི་འཛུམ་ཞལ་ངོམས་བཞིན་འདིར་གཤེགས་ཤིག།།སྣང་སྟོང་སྒྱུ་མའི་རོལ་བ་ལས་བྱུང་བའི། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྟགས་རྫས་བརྒྱད། །གོ་མཚོན་སྤྱན་གཟིགས་མཆོད་སྤྲིན་རྒྱ་མཚོའི་ཚོགས། །གུས་པས་འབུལ་ལ་བརྩེ་བས་དགྱེས་བཞིན་བཞེས། །ཁྱད་པར་ཤིང་སྣ་ཟས་སྣ་གོས་སྣ་དང༌། །འབྲུ་སྣ་ལ་སོགས་བརྒྱ་ཕྲག་བསང་རྫས་རྣམས། །བསྲེགས་པའི་དུད་སྤྲིན་ཆུ་འཛིན་རྗེས་འགྲོ་འདིས། །ལྷ་ལམ་འཛིན་མའི་ཁྱོན་ཀུན་བཀང་སྟེ་འབུལ། །འབྲས་ཆང་རྒུན་ཆང་ནས་ཀྱི་ཆང་ཕུད་དང༌། །རྒྱ་ཇའི་བཏུང་བ་འོ་ཞོ་མར་ཁུའི་མཚོ། །ཞིམ་མངར་རོ་བརྒྱའི་དཔལ་འཛིན་གསེར་སྐྱེམས་འདི། །དགྱེས་བཞིན་བཞེས་ལ་སྡོངས་གྲོགས་མ་གཡེལ་ཞིག།།བདག་སོགས་ལྟོས་བཅས་མི་ནོར་འཁོར་འབངས་བཅས། །ཁྱེད་ལ་རེ་ཞིང་ལྟོས་ཚེ་མ་བསླུ་བར། །མ་གཡེལ་མ་འདའ་མཐུ་དཔུང་ཆེར་བསྐྱེད་དེ། །གང་བཅོལ་ལས་རྣམས་མྱུར་དུ་སྒྲུབ་པར་མཛོད། །ཡུལ་འདིར་ནད་ཡམས་མུ་གེ་དམག་འཁྲུག་དང༌། །དགྲ་ཇག་ཆོམ་རྐུན་གཅན་གཟན་འཚེ་བ་སོགས། ། མི་འདོད་ཉེར་འཚེའི་རིགས་རྣམས་མི་འབྱུང་བར། ། ཚེ་བསོད་སྟོབས་འབྱོར་དབང་ཀླུང་རྒྱས་པར་མཛོད། །མི་རྣམས་ཐམས་ཅད་བཙན་ཕྱུགས་འཕན་དར་འཛོམས། །རྟ་ལུག་ནོར་གྱིས་རི་ཀླུང་ཡུལ་ལྗོངས་གང༌། །ཀུན་ཀྱང་ཡིད་མཐུན་བག་ཕེབས་དགའ་བདེས་འཚོ། །ལུགས་གཉིས་འབྱོར་བ་ཟླ་ལྟར་རྒྱས་པར་མཛོད། །མདོར་ན་ལས་བཞིའི་འཕྲིན་ལས་ལྷུན་གྱིས་གྲུབ། །ཕུན་ཚོགས་སྡེ་བཞིའི་འབྱོར་བ་རབ་ཏུ་རྒྱས། །རྫོགས་ལྡན་གསར་བའི་གཟི་འོད་སྟོང་འབར་བས། །བདེ་སྐྱིད་པད་ཚལ་བཞད་པའི་གྲོགས་མཛོད་ཅིག།།ཅེས་པ་འདི་ནི་དགེ་སློང་དཀོན་མཆོག་བསྟན་འཛིན་དང༌།དཔོན་པོ་མགོན་རབ་གཉིས་ཀྱིས་བསྐུལ་བ་ལྟར། ༧ དབྱངས་ཅན་བཞད་པས་སྦྱར་བའོ།། །།
༄༅། །ཀྱཻ་རབ་བརྗིད་ཡིད་འོང་གཞལ་མེད་ཕོ་བྲང་ནས། །མཐུ་ལྡན་དྲེགས་པའི་སྡེ་དཔོན་དགྲ་ལྷའི་གཙོ། །རབ་འཇིགས་སྲས་བློན་བཀའ་ཉན་འཁོར་དང་བཅས། །དགྱེས་པའི་གར་གྱིས་འདིར་གཤེགས་བརྟན་པར་བཞུགས། །སྣང་སྟོང་བདེ་ཆེན་སྒྱུ་མའི་རྣམ་རོལ་ལས། །མཛད་མེད་མ་ཚང་མེད་དགུའི་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་གོ་མཚོན་རིན་ཆེན་བདུན། །ཟག་མེད་བདེ་སྟེར་བདུད་རྩིའི་ཞལ་སྐྱེམས་དང༌། །ཁྱད་པར་བསྐལ་བའི་ཞུགས་ལ་འགྲན་པའི་མེར། །ཙན་དན་ཨ་ཀར་ཤུག་པ་བ་ལུ་སོགས། །སྣ་ཚོགས་ཤིང་སྣ་འབྲུ་སྨན་དར་ཟབ་གོས། །རྣམ་མང་བསང་རྫས་བསྲེགས་པའི་དུད་པའི་སྤྲིན། །འདོད་ཡོན་ལྔ་ལྡན་བསང་མཆོད་རྒྱ་མཚོ་འདིས། །ལྷ་གཉན་ཆེན་པོ་དཔའ་བཙན་དབང་ཕྱུག་ཆེ། །གསང་ཡུམ་བཀའ་བློན་འཁོར་བཅས་མཆོད་བགྱིད་ན། །འབྲལ་མེད་བུ་ལྟར་བརྩེ་བའི་སྐྱོང་མཛོད་ཅིག།།སྔོན་ཚེ་པདྨའི་ཁྲག་འཐུང་དཀྱིལ་འཁོར་དུ། །དབང་ཐོབ་ཁས་བླང་ཐ་ཚིག་དྲན་མཛོད་ལ། །བསྟན་དང་བསྟན་འཛིན་ཚུལ་བཞིན་སྐྱོང་བ་དང༌། །འཁོར་འབངས་ཆབ་སྲིད་དབྱར་མཚོ་ལྟར་རྒྱས་མཛོད། །མདོར་ན་བདག་ཅག་མི་ནོར་འཁོར་བཅས་ཀུན། །དགྲ་ལྷ་ཆེན་པོ་ཁྱེད་ལ་གཉེར་གཏད་ན། །ནམ་ཡང་མི་འབྲལ་ལུས་དང་གྲིབ་མ་བཞིན། །བསྲུང་སྐྱོབས་སྡོངས་གྲོགས་དུས་ལས་མ་གཡེལ་བར། །མི་ཕྱུགས་ནད་རིམས་དགྲ་ཇག་ཆོམ་རྐུན་དང༌། །ཁ་སྨྲས་གླེང་བརྗོད་བྱུར་སོགས་ཉེར་འཚེ་ཀུན། །མཐུ་རྩལ་དྲག་པོའི་སྟོབས་ཀྱིས་ཉེར་བཅོམ་སྟེ། །མི་མཐུན་ལས་རྒྱལ་བ་དན་མཁའ་ལ་ཕྱོར། །ཚེ་བསོད་དཔལ་འབྱོར་འདབ་སྟོང་དགའ་བའི་ཚལ། །སྐྱབས་གསུམ་བྱིན་རླབས་རྟ་བདུན་འོད་སྣང་གིས། །རབ་བཞད་ཆོས་འབྱོར་བདེ་སྐྱིད་ཟིལ་མངར་གྱིས། །སྐལ་བཟང་རྐང་དྲུག་དགའ་སྟོན་འབར་གྱུར་ཅིག།།ཅེས་པ་འདི་འང་བསྔགས་འོས་ཀྱི་ཡོན་ཏན་གྱིས་མཐོ་བ་དཔོན་པོ་ཚུལ་ཁྲིམས་རྒྱ་མཚོ་སྤུན་གཉིས་ནས་བསྐུལ་བའི་ངོར། ༧ དབྱངས་ཅན་བཞད་པས་བྲིས་པའོ།། །།
༄༅། །ཧཱུཾ་རང་ཉིད་བདེ་སྟོང་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་ཡུལ་ལྷ་སྤྱི་དང་ལྷ་རི་རྒྱལ། །སྟག་ལུང་རྩེ་རྒྱལ་དཔལ་འབར་དགྲ་ལྷའི་དབང༌། །སྲས་བློན་བཀའ་ཉན་དང་བཅས་འདིར་གཤེགས་ཤིག།།སྣང་སྟོང་སྒྱུ་མའི་རྣམ་རོལ་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་རིན་ཆེན་སྣ་བདུན་དང༌། །གོ་མཚོན་སྤྱན་གཟིགས་སྣ་ཚོགས་མཐུན་པའི་རྫས། །རྨད་བྱུང་བསང་མཆོད་འཛད་མེད་བདུད་རྩིའི་སྐྱེམས། །ལྷ་ལམ་འཛིན་མའི་ཁྱོན་ཀུན་ཡོངས་གང་བས། །མཐུ་ལྡན་ཡུལ་སྐྱོང་དགྲ་ལྷ་ཁྱོད་མཆོད་ན། །ཕ་མས་བུ་ཚ་བརྩེ་བས་སྐྱོང་བ་བཞིན། །ནམ་ཡང་མི་འབྲལ་གང་བཅོལ་ལས་ཀུན་སྒྲུབས། །ལྷ་ཁྱོད་སྔོན་ཚེ་པདྨ་འབྱུང་གནས་དང༌། །རྩ་རྒྱུད་བླ་མའི་ཐ་ཚིག་ཉེར་དགོངས་ལ། །བསྟན་དང་བསྟན་འཛིན་བུ་ལྟར་སྐྱོངས་པ་དང༌། །སྡེ་འབངས་ཆབ་སྲིད་མི་ཉམས་མཚོ་ལྟར་རྒྱས། །ནག་ཕྱོགས་མི་མཐུན་དགྲ་དཔུང་བྲག་རིའི་ཚོགས། །མཐུ་སྟོབས་གནམ་ལྕགས་ཐོག་མདས་མྱུར་བཅོམ་སྟེ། །འཕྲལ་ཡུན་འདོད་དགུའི་རེ་འབྲས་མ་ལུས་པ། །ཡིད་བཞིན་ནོར་ལྟར་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་སྐྱ་མགོའི་སྐྱ་སེར་འདུས་སྤྱི་ནས་བསྐུལ་བ་ལྟར། ། ༧ དབྱངས་ཅན་བཞད་པས་བྲིས་པའོ།།  
༄༅། །ཀྱཻ་དཀར་པོའི་ཕྱོགས་དང་གནས་ཡུལ་སྐྱོང་བའི་རྗེ། །དགྲ་ལྷའི་རྒྱལ་པོ་གཡུང་དྲུང་ལྕགས་རྩེ་དང༌། །བཙུན་མོ་སྲས་བློན་བཀའ་ཉན་ཕོ་ཉའི་ཚོགས། །དགྱེས་འཛུམ་ངོམས་ཤིང་གནས་འདིར་གཤེགས་སུ་གསོལ། །ཏིང་འཛིན་སྔགས་རྒྱས་བརླབས་བའི་གསེར་སྐྱེམས་དང༌། །རྣམ་མང་བསང་རྫས་བརྒྱ་ཕྲག་རབ་འབར་མེས། །བསྲེགས་པའི་དུད་སྤྲིན་ནམ་མཁའ་གང་བ་འདིས། །དགྲ་ལྷའི་རྒྱལ་པོ་འཁོར་བཅས་མཉེས་གྱུར་ཅིག།།གང་དུ་གནས་ཀྱང་དམ་ཆོས་བསྒྲུབ་པ་ལ། །སྐོ་ལོད་རུ་ང་ཕྲག་དོག་མ་མཛད་པར། །ནད་གདོན་བར་ཆད་ཉེར་འཚེ་རབ་ཞི་ནས། །ཆོས་སྲིད་དཔལ་འབྱོར་རྒྱས་བའི་སྡོངས་གྲོགས་མཛོད། །ཅེས་བ་འདི་ཡང་དབྱངས་ཅན་བཞད་པས་བྲིས་པའོ། །
༄༅། །ཨོཾ་སྭ་སྟི་སིདྡྷཾ། འཇམ་མགོན་ཆོས་ཚུལ་སྒྲ་དབྱངས་སྒྲོགས་བཞིན་དུ། །མཁྱེན་རྩེའི་འདབ་གཤོག་དཀར་པོ་རབ་སྐྱོད་དེ། །རྒྱ་བོད་གཞུང་བརྒྱའི་འོ་མཚོར་ཉེར་བརྩེན་པ། །སྐྱབས་མཆོག་ངང་པའི་རྒྱལ་བོ་གཙུག་ན་རྒྱལ། །གུས་རྟག་བརྩོན་པའི་གསེར་གྱི་ཤིང་རྟ་ཡིས། །ལེགས་དྲངས་གཞུང་བརྒྱའི་ནོར་བུ་འབུམ་ཕྲག་གིས། །ཐུགས་ཀྱི་བང་མཛོད་ཕྱུར་པུར་རབ་གཏགས་ཏེ། །སྐལ་བཟང་ཡོངས་ལ་གཏོང་བའི་སྒོ་བརྒྱ་ཕྱེས། །དཔྱད་གསུམ་དག་པའི་བཀའ་འབུམ་རྩི་མགྷི། །ཕྱོགས་ལྷང་བྲང་འགྲོའི་སྣ་ལ་མི་འགྲོ་ཡང༌། །སྐལ་བཟང་གསོ་རིགས་མཁན་གྱི་སྤྱི་ནོར་དུ། །གསོ་དཔྱད་གཞུང་ལས་བསྔགས་པ་རྒྱ་ཆེན་མཛད། །ཨེ་མ་འཁྲུལ་བྲལ་ལེགས་བཤད་རྨད་བྱུང་འདི། །ཚིག་དོན་འོད་བརྒྱ་འབར་བའི་ཉིན་མོར་ཕྱེད། །ཐར་པའི་གླིང་དུ་བགྲོད་པའི་གྲུ་བོ་ཆེ། །སྲིད་པའི་ནད་བརྒྱ་སེལ་བའི་སྨན་མཆོག་འང་ཡིན། །གཞུང་འདི་སྐྱེ་དགུ་ཡོངས་ཀྱི་སྤྱི་ནོར་དུ། །དུས་འཁོར་དགེ་རྒན་སངས་རྒྱས་རྒྱ་མཚོ་དང༌། །དད་ལྡན་བློ་བཟང་བསྟན་འཕེལ་རྣམ་གཉིས་ཀྱིས། །སྙིང་སྟོབས་ཆེན་པོའི་གོ་ཆ་ལྷུར་བཞེས་ཏེ། །རིན་ཆེན་གཉིས་པ་སྲང་གི་འཁོར་ལོ་ཡིས། །བཞི་བརྒྱ་དོན་ལྔའི་རྒྱུ་ཡོན་ལེགས་སྦྱར་ཏེ། །དཔལ་ལྡན་སྨྲ་བའི་སེངྒེའི་གླིང་མཆོག་ཏུ། །ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་བར་དུ་བསྐྲུན། །དགེ་འདིས་སྐྱབས་རྗེའི་ཡང་སྤྲུལ་ནམ་མཁའི་ནོར། །སྡེ་འདིའི་ལྷ་ལམ་ངོས་སུ་མྱུར་གསལ་ཏེ། །བགྲང་ཡས་བསྐལ་བའི་བར་དུ་མི་ནུབ་པར། །མཛད་བཟང་འོད་བརྒྱས་ས་སྟེང་ཁྱབ་གྱུར་ཅིག།།ཁྱད་པར་སྡེ་འདིའི་ཆོས་སྲིད་ལེགས་ཚོགས་དང་། །འཆད་ཉན་གྲྭ་ཚོགས་དབྱར་གྱི་མཚོ་ལྟར་འཕེལ། །འཇིག་རྟེན་ཁམས་སུ་ནད་དམུག་འཁྲུག་རྩོད་སོགས། །ཞི་ནས་བདེ་དགའི་དཔལ་ལ་སྤྱོད་གྱུར་ཅིག།།རྒྱུ་སྦྱོར་བྱེད་པོ་གཉིས་ཀའི་ཕ་མ་དང༌། །གཉེན་འདུན་འབྲེལ་ཐོག་སྐྱེ་བོ་མ་ལུས་པ། །འཁོར་བ་སྤྱི་དང་ངན་འགྲོའི་སྐྱེ་གནས་སུ། །ནམ་ཡང་མི་སྐྱེ་ཐར་བ་ཐོབ་གྱུར་ཅིག།།གནས་སྐབས་ནད་གདོན་བར་ཆད་ཀུན་ཞི་ཞིང༌། །ཚེ་བསོད་སྟོབས་འབྱོར་དབང་ཀླུང་སྙན་གྲགས་སོགས། །ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་མ་ལུས་པ། །ཡར་ངོས་ཟླ་བའི་དཔལ་བཞིན་རྒྱས་གྱུར་ཅིག།
ཅེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ ༧ རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ་འབུམ་བོད་གཉིས་དད་ལྡན་དུས་འཁོར་དགེ་རྒན་སངས་རྒྱས་རྒྱ་མཚོ་དང་སྤྱི་ཟུར་བློ་བཟང་བསྟན་འཕེལ་གཉིས་ཀྱིས་དངུལ་སྲང་བཞི་བརྒྱ་དང་བདུན་ཅུ་དོན་ལྔའི་རྒྱུ་ཡོན་སྦྱར་ཏེ་པར་དུ་བསྐྲུན་པ་མཐར་ཕྱིན་བའི་ཚེ་པར་བྱང་སྨོན་ཚིག་ཞིག་དགོས་ཞེས་བསྐུལ་མ་ནན་ཏན་བྱུང་ཚེ་དམ་པ་ཉིད་ཀྱི་དྲུང་ཡིག་པ་༧ཟླ་སྲིད་དགྱེས་བའི་བློ་གྲོས་ཀྱིས་སྦྱར་བའི་ཡི་གེ་བ་ནི་སྨོན་ལམ་རབ་འབྱམས་པ་བློ་བཟང་སྦྱིན་པས་བགྱིས་བ་འདིས་ཀྱང་བཤེས་གཉེན་མཆོག་གིས་ནམ་ཡང་འབྲལ་བར་མེད་པར་རྗེས་སུ་འཛིན་པར་གྱུར་ཅིག། །། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །། སརྦ་མངྒ་ལཾ།། བཀྲ་ཤིས་ཤོག།
 ༄༅། །ཞབས་བརྟན་གསོལ་འདེབས་དངོས་གྲུབ་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ།།
༄༅། །ཨོཾ་སྭ་སྟི། །བློ་གཏེར་ངག་གི་དབང་ཕྱུག་སྒྱུ་འཕྲུལ་གར། །མ་སྨད་བརྟུལ་ཞུགས་ཡོངས་བཟུང་འཕྲིན་ལས་ཀྱིས། །ཐུབ་གསུང་ཟབ་རྒྱས་ཆོས་ཚུལ་འཕེལ་མཛད་རྗེ། །སྐྱབས་གསུམ་འདུས་པའི་ངོ་བོར་གསོལ་བ་འདེབས། །ཆེས་དཀོན་ཐུབ་མཆོག་ལུགས་བཟང་ཀུན་གསལ་མར། །རླབས་ཆེན་བསོད་ནམས་ཡེ་ཤེས་ཤིང་རྟ་ཡིས། །ཉེར་དྲངས་མདོ་རྒྱུད་ཆོས་ཚུལ་པདྨོའི་ཚལ། །རྒྱས་མཛད་ཁྲིམས་ལྡན་བཤེས་ལ་གསོལ་བ་འདེབས། །འཇམ་དབྱངས་མཁྱེན་པའི་ཡེ་ཤེས་འོད་རླབས་ཀྱིས། །ཀུན་རྨོངས་མུན་པའི་སྨག་རུམ་མཐར་བྱས་ཤིང༌། །རྣམ་འབྱེད་ཤེས་རབ་བློ་མིག་རབ་གསལ་བ། །མོས་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །རིང་ནས་གཞོམ་བྲལ་རྡོ་རྗེའི་སྐུ་བརྙེས་ཀྱང༌། །ཐ་མལ་སྣང་ངོར་ཤར་པའི་གཟུགས་སྐུའི་གར། །བསྟན་དང་འགྲོ་བའི་ཕན་བདེའི་དཔུང་གཉེན་དུ། །གཡོ་མེད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག།།སྐྱེ་ཀུན་བཤེས་གཉེན་དང་དཔོན་ལ་བརྟེན་ནས། །རྟེན་བཟང་གྲུར་ཞུགས་ཐོས་བསམ་བསྒོམ་པ་དང༌། །དད་བརྩོན་མཐུན་པའི་རླུང་གིས་ཉེར་བསྐུལ་ནས། །འཁོར་མཚོ་ལས་བརྒལ་བྱང་ཆེན་མྱུར་ཐོབ་ཤོག།།ཅེས་རྒྱལ་བ་ཐམས་ཅད་ཀྱིས་མཁྱེན་བརྩེ་གཅིག་ཏུ་འདུས་བའི་བདག་ཉིད་རྡོ་རྗེ་འཆང་ ༧ ངག་དབང་ཆོས་འཕེལ་དཔལ་བཟང་པོས་གཙོས་ཞབས་བརྟན་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྔགས་འོས་ཡོན་ཏན་གྱི་མཐོ་བ་དགེ་སློང་དཀོན་མཆོག་རྒྱ་མཚོས་ལྷ་རྫས་བཅས་ནན་ཆེར་བསྐུལ་བའི་ངོ་མ་ལྡོག་པར་ ༧  དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ། །   
༄༅། །བློ་བཟང་རྒྱལ་ཀུན་འདུས་ཞལ་ངག་གི་དབང༌། །ཡབ་རྗེའི་ཆོས་ཚུལ་མདོ་སྔགས་བསྟན་པའི་གནད། །འཕེལ་མཛད་རིག་པ་སྨྲ་བའི་དབང་ཕྱུག་ཆེ། །ཚུལ་ཁྲིམས་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །བསྟན་པའི་བདག་པོ་ཐུབ་བསྟན་དབང་ཕྱུག་ཞབས། །མཚུངས་བྲལ་བཤེས་གཉེན་བློ་བཟང་འཕྲིན་ལས་དང༌། །དམ་པའི་རྗེས་བཟུང་འཇམ་དབྱངས་མཁྱེན་རབ་རྗེ། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་དད་པས་སྙིང་ནས་གསོལ་འདེབས་ན། །བླ་མ་འོད་དཔག་མེད་ཀྱིས་རྗེས་བཟུང་སྟེ། །རྒྱལ་སྲས་ཚོགས་ཀྱིས་མ་ནོར་ལམ་བསྟན་ནས། །བདེ་ལྡན་དག་པའི་ཞིང་དེར་འཁྲིད་བར་ཤོག།།ཅེས་པ་འདི་ནི་མཁར་རེ་བསྟན་པ་དར་རྒྱས་ཀྱི་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་སྦྱར་པའོ།།    
༄༅། །དཀོན་མཆོག་རྒྱལ་ཀུན་གསང་གསུམ་ཡེ་ཤེས་མདངས། །ཡིད་འཕྲོག་མཚན་དཔེའི་དཔྱིད་དུ་ཡོངས་ཤར་བ། །དྲི་མེད་ཟབ་རྒྱས་ཆོས་ཚུལ་འཕེལ་མཛད་རྗེ། །མཚན་ལྡན་དགེ་བའི་བཤེས་ལ་གསོལ་བ་འདེབས། །ཚངས་སྤྱོད་ཚུལ་ཁྲིམས་ཆུ་ཤེལ་དག་བའི་ཁམས། །ལུང་རྟོགས་ཡོན་ཏན་ཆ་ཤས་ཀུན་རྫོགས་ཤིང༌། །གཞན་ཕན་འཕྲིན་ལས་འོད་ཀྱི་དྲ་བ་ཅན། །བཤེས་གཉེན་ཟླ་ཤེལ་དབང་བོར་གསོལ་བ་འདེབས། །གཞུང་ལུགས་མང་དུ་ཐོས་བའི་རྒྱུད་ཕྱུག་ཤིང༌། །ཐོས་དོན་གདམས་པར་ཤར་བའི་བག་ཡོད་ཅན། །རིས་མེད་འགྲོ་ལ་བརྩེ་བའི་ལྷག་བསམ་བཟང༌། །མཚུང་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །མགོན་ཁྱོད་ཆེས་རིང་དུས་ནས་བདུད་བཞིའི་དཔུང༌། །ཉེར་བཅོམ་དང་པོའི་མགོན་བོར་དབང་འབྱོར་ཡང༌། །གང་འདུལ་གདུལ་བྱའི་མོས་ངོར་ཤར་བའི་སྐུ། །བགྲང་ཡས་སྲིད་མཐའི་བར་དུ་ཞབས་བརྟན་ཤོག། རྨད་བྱུང་མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐུ། །འགག་མེད་དྲུག་ཅུའི་དབྱངས་ལྡན་རྡོ་རྗེའི་གསུང༌། །ཆོས་ཉིད་སྤྲོས་བྲལ་འགྱུར་མེད་རྡོ་རྗེའི་ཐུགས། །གསང་གསུམ་བསྟན་འགྲོའི་བླ་ན་འབར་གྱུར་ཅིག།།བདག་སོགས་དེང་ནས་ཚེ་རབས་འཕྲེང་བ་རུ། །སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་ཡིས། །ཐུགས་རྗེའི་ཉིན་བྱེད་སྣང་བའི་ལེགས་བསྐྱངས་སྟེ། །རྣམ་གྲོལ་པད་མའི་དགའ་ཚལ་རྒྱས་པར་ཤོག།།ཞྭ་སེར་རང་ལུགས་འཛིན་པའི་ཆོས་ཀྱི་སྡེ། །ཐུགས་མཐུན་ཁྲིམས་གཙང་མང་ཐོས་སྒྲུབ་ལ་བརྩོན། །ཆོས་སྲིད་སྡེ་བཞིའི་དཔལ་ཡོན་མ་ལུས་ཀུན། །རབ་རྒྱས་དགེ་ལེགས་ཤིས་པས་ཁྱབ་གྱུར་ཅིག། ཅེས་འཇམ་མགོན་བསྟན་པའི་གསལ་བྱེད་ཆེན་པོ།༧རྗེ་དཀོན་མཆོག་ཡེ་ཤེས་ཆོས་ལྡན་དཔལ་བཟང་པོའི་གསོལ་འདེབས་སྨོན་ཚིག་འདི་ནི་དེ་ཀའི་ལས་སྣ་འགས་ཚོགས་འདོན་དུ་ཚུགས་རྒྱུར་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཆེར་བསྐུལ་བ་ལྟར་༧ དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ། །
ཨོཾ་སྭ་སྟི།རབ་དཀར་ཤེལ་གྱི་རྡུལ་བརྩེགས་ལྷུན་པོ་ལ། །ཉིན་བྱེད་བྱེ་བའི་འོད་ཀྱིས་འཁྱུད་པ་བཞིན། །ཡིད་འཕྲོག་མཚན་དཔེའི་རྒྱན་ཀྱིས་རབ་མཛེས་པ། །རྒྱལ་ཡུམ་ཡིད་བཞིན་འཁོར་ལོས་དགེ་ལེགས་སྩོལ། །བློ་གཏེར་འཇམ་དཔལ་དབྱངས་དངོས་ཙོང་ཁ་བའི། །ཆོས་ཚུལ་ལུགས་བཟང་འདབ་སྟོང་བཞད་པའི་ཚལ། །མཁྱེན་རབ་ཉིན་བྱེད་སྣང་བའི་དགའ་སྟོན་མཁན། །མོས་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །འཆི་མེད་དཔལ་སྟེར་ལྷག་པའི་ལྷ་ཚོགས་མཐུས། །མགོན་ཁྱོད་ཞབས་ཟུང་གཞོམ་བྲལ་རྡོ་རྗེ་ལྟར། །རབ་བརྟན་རྣམ་དཀར་འཕྲིན་ལས་འོད་དཀར་གྱིས། །ཕན་བདེའི་ཀུ་མུད་སྐྱེད་ཚལ་བཞད་གྱུར་ཅིག།།བདག་སོགས་དེང་ནས་ཚེ་རབས་ཕྲེང་བ་རུ། །མཚན་ལྡན་བཤེས་གཉེན་མགོན་གྱིས་རྗེས་བཟུང་སྟེ། །མདོ་སྔགས་ཟུང་འབྲེལ་བསྟན་པའི་ཉིང་ཁུ་མཆོག །ཚུལ་བཞིན་ཉམས་སུ་ལེན་པར་བྱིན་གྱི་རློབས། །འདིར་འབད་རྣམ་པར་དཀར་བའི་ལེགས་བྱས་ཀྱིས། །འཕྲལ་ཡུན་འདོད་དགུའི་རེ་འབྲས་མ་ལུས་ཀུན། །ཡིད་བཞིན་ནོར་ལྟར་ལྷུན་གྱིས་འགྲུབ་གྱུར་ནས། །དགེ་ལེགས་ཤིས་བས་ས་གསུམ་ཡོངས་ཁྱབ་ཤོག ། ཅེས་པ་འདི་ནི་ཡེ་ཤེས་ཐར་འདོད་ཀྱིས་འདོད་མོས་ལྟར་༧དབྱངས་ཅན་བཞད་པས་བྲིས་པའོ།། 
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། །བཤེས་གཉེན་ཚུལ་རོལ་བློ་བཟང་རྒྱལ་བའི་བསྟན། །སྤེལ་མཛད་མཁྱེན་བརྩེའི་རྣམ་དཔྱོད་རབ་མཐོ་བ། །མོས་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བསྟན་འགྲོའི་ཕན་བདེ་འདབ་སྟོང་དགའ་བའི་ཚལ། །རྒྱས་མཛད་སྐྱབས་རྗེ་འགྲོ་བའི་སྒྲོན་མེ་གང༌། །མི་མཐུན་ཉེར་འཚེའི་དགྲ་ལས་རྣམ་རྒྱལ་ཏེ། །མཛད་འཕྲིན་འོད་སྣང་བསྐལ་བརྒྱར་གསལ་གྱུར་ཅིག།།ཁྱོད་ནི་སྐྱབས་གསུམ་འདུས་སྐུར་ལེགས་བལྟས་ཏེ། །མི་ཤིགས་ཐིག་ལེར་ཕྲ་བའི་རླུང་སེམས་དང༌། །དབྱེར་མེད་རྩེ་གཅིག་གུས་པས་གསོལ་འདེབས་ན། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྙེད་དཀའ་དམ་ཆོས་སྒྲུབ་པའི་རྟེན་བཟང་འདིར། །མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། །ངན་འགྲོའི་འཇིགས་ལས་སྐྱོབས་ཕྱིར་སྐྱབས་འགྲོ་དང༌། །སྡིག་སྤོང་དགེ་ཚོགས་སྒྲུབ་པར་བྱིན་གྱིས་རློབས། །འཁོར་བའི་ཕུན་ཚོགས་འབར་བའི་མེ་འོབས་ལྟར། །མཐོང་བའི་བཅོས་མིན་ངེས་འབྱུང་ཤུགས་དྲག་གིས། །རྣམ་དག་བསླབ་གསུམ་སྒྲུབ་པའི་ཉམས་ལེན་གྱིས། །ཐར་བའི་བཙན་ས་ཟིན་པར་བྱིན་གྱིས་རློབས། །མ་གྱུར་འགྲོ་རྣམས་སྡུག་བསྔལ་གྱིས་གཟིར་པའི། །ངང་ཚུལ་བཟོད་མེད་རླབས་ཆེན་སེམས་བསྐྱེད་དང༌། །སྤྲོས་བྲལ་སྒྱུ་མའི་རྣམ་རོལ་རྟེན་འབྱུང་ལམ། །ཟུང་འབྲེལ་ཉམས་སུ་ལེན་པར་བྱིན་གྱིས་རློབས། །སྣང་སྟོང་ལྷ་སྐུར་གསལ་བའི་རྣལ་འབྱོར་གྱིས། །ཀུན་རྟོག་གཡོ་བའི་ལས་རླུང་མུན་པའི་སྨག།།བདེ་ཆེན་ཡེ་ཤེས་ཉིན་བྱེད་སྣང་བའི་གཟིས། །མྱུར་བཅོམ་སྐུ་བཞིའི་གོ་འཕང་མཆོག་ཐོབ་ཤོག །ཅེས་པ་འདིའང་དགེ་ཚུལ་འཇམ་དབྱངས་མཁས་གྲུབ་ཀྱིས་ལྷ་རྫས་བཅས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་སྦྱར་བའོ།།   
༄༅། །རྣམ་འདྲེན་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དཔལ། །མཚར་སྡུག་ལང་ཚོར་ཡོངས་སྨིན་འཕྲིན་ལས་ལྷ། །སྐད་ཅིག་དྲན་པས་སྲིད་ཞིའི་དགེ་མཚན་ཀུན། །འགུགས་མཛད་འཕགས་མས་དགེ་ལེགས་ཆར་དུ་བསྙིལ། །བློ་གཏེར་རྒྱལ་བའི་ལུགས་བཟང་ཀུན་དའི་གཉེན། །མཁྱེན་རབ་ཆ་ཤས་ཡོངས་རྫོགས་ཟླ་གཞོན་དབང༌། །འཕྲིན་ལས་འོད་སྣང་རྒྱ་མཚོའི་གོས་ཅན་མཐར། །ཁྱབ་མཛད་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །འཇམ་དབྱངས་རྒྱལ་བའི་རིང་ལུགས་གངས་རིའི་སྦོར། །མཁྱེན་བརྩེའི་གཡུ་རལ་ཁུར་གྱིས་རབ་མཛེས་ཤིང༌། །གསང་གསུམ་ཡོན་ཏན་རྩལ་རྫོགས་གདོང་ལྔའི་དབང༌། །མང་ཐོས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བདེ་ཆེན་ཆོས་དབྱིངས་ངང་ལས་ཞི་ཁྲོའི་གར། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་རུ། །མངོན་བཞེངས་ཟབ་གསང་གདམས་པའི་གཏེར་གྱུར་རྗེ། །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །གསེར་ཞུན་ཅོད་པཎ་འཆང་བའི་བསྟན་བ་དང༌། །སྐྱེ་དགུའི་ཕན་བདེ་སྤེལ་སླད་མགོན་ཁྱོད་ཀྱི། །ཞབས་ཟུང་གསེར་སྦྱངས་རྩིབས་སྟོང་འཁོར་ལོའི་དཔལ། །གཡོ་མེད་རྡོ་རྗེའི་ཁམས་ལྟར་བརྟན་པར་ཤོག།།ཁྱོད་ཉིད་རྒྱལ་ཀུན་འདུས་པའི་ངོ་བོ་རུ། །ཡིད་ཆེས་སྙིང་གི་ག་བུར་རྟག་བསྟེན་ན། །སྐྱེ་ཀུན་འབྲལ་མེད་ཟབ་རྒྱས་གདམས་ངག་གིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཉོན་མོངས་གདུངས་སེལ་ཚུལ་ཁྲིམས་རྣམ་དག་ཅིང༌། །ཤུགས་དྲག་ངེས་འབྱུང་བཅོས་མིན་བྱང་ཆུབ་སེམས། །ཡང་དག་ལྟ་དང་རིམ་གཉིས་ཟབ་མོའི་ལམ། །མྱུར་བགྲོད་སྐུ་བཞིའི་གོ་འཕང་ཐོབ་བར་ཤོག།།ཅེས་པ་འདི་ནི་དགེ་ཚུལ་བློ་བཟང་ཐར་འདོད་གྱིས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་སྦྱར་བ་ཛ་ཡནྟུ།།  
དཀོན་མཆོག་གསུམ་དངོས་འཇམ་དབྱངས་བླ་མ་ཡི། །རིང་ལུགས་ཟབ་རྒྱས་བསྟན་པའི་རྒྱལ་མཚན་མཆོག།།བསྒྲེངས་མཛད་མཁྱེན་བརྩེའི་རྣམ་དཔྱོད་རབ་མཐོ་བ། །དད་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བདག་ཀྱང་དེང་ནས་ཚེ་རབས་ཕྲེང་བ་རུ། །མཚན་ལྡན་བཤེས་གཉེན་མཆོག་གིས་རྗེས་བཟུང་སྟེ། །ཡང་དག་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །བླ་མེད་སྐུ་བཞིའི་དཔལ་ལ་རེག་གྱུར་ཅིག།།ཅེས་ཨ་མཆོག་དཔོན་པོ་ཆོས་རྒྱལ་ཀྱིས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་བའོ། །
འཇམ་དབྱངས་རྒྱལ་བའི་རིང་ལུགས་ཆུ་གཏེར་དབུས། །མཁྱེན་རབ་གདེངས་ཀ་འབར་བའི་ཀླུ་དབང་ཆེ། །མང་ཐོས་རྒྱ་མཚོར་འདོད་དགུའི་དཔལ་སྦྱིན་པའི། །མཚུངས་མེད་བླ་མ་དམ་པར་གསོལ་བ་འདེབས། །བསྟན་དང་འགྲོ་བའི་ཕན་བདེ་འདབ་བརྒྱའི་ཚལ། །གསང་གསུམ་འཕྲིན་ལས་འོད་ཀྱི་སྣང་བ་ཡིས། །རྒྱས་མཛད་སྨྲ་བའི་ཉི་མ་མགོན་ཁྱོད་ཀྱི། །ཞབས་ཟུང་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག།།ཁྱོད་ནི་མཆོག་གསུམ་འདུས་སྐུར་ལེགས་བསྒོམ་ཏེ། །འདབ་བརྒྱད་སྙིང་གི་ག་བུར་རྟག་བསྟེན་ན། །མདོ་སྔགས་ཟབ་ལམ་བགྲོད་པ་མཐར་ཕྱིན་ནས། །བླ་མེད་སྐུ་བཞིའི་དཔལ་ལ་རེག་གྱུར་ཅིག།།ཅེས་པ་འདིའང་དགེ་སློང་བློ་བཟང་སངས་རྒྱས་ཀྱིས་བསྐུལ་བའི་ངོ་མ་ལྡོག་ཙམ་དུ་སྐྱེས་མིང་འཛིན་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་སྦྱར་བ་དགེ་ལེགས་འཕེལ།།  
༄༅། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པའི་བསྟན། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་འདབ་སྟོང་ཚལ། །མཁྱེན་རབ་སྣང་བས་རྒྱས་མཛད་ཆོས་ཀྱི་རྗེ། །མང་ཐོས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །འཁྲུལ་བྲལ་རྒྱལ་བ་གཉིས་བའི་བསྟན་པ་དང༌། །མ་ལུས་འགྲོ་བའི་ཕན་བདེ་སྤེལ་སླད་དུ། །ཁྱོད་ཞབས་རྡོ་རྗེའི་ཁམས་ལྟར་རྟག་བརྟན་ཅིང༌། །རྣམ་དཀར་འཕྲིན་ལས་སྣང་བ་འབར་གྱུར་ཅིག།།བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །མདོ་སྔགས་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །བླ་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག། ཅེས་པ་འདི་ཡང་དགེ་ཚུལ་དམ་ཆོས་རྒྱ་མཚོས་བསྐུལ་བའི་ངོར་ ༸དབྱངས་ཅན་བཞད་པས་བྲིས།།   ༄༅། །འཇམ་མགོན་རིང་ལུགས་པདྨ་དཀར་པོའི་ཚལ། །འཆད་རྩོད་འཕྲིན་ལས་འོད་ཀྱིས་སྣང་བ་ཡིས། །རྒྱས་མཛད་གསུམ་ལྡན་རྡོ་རྗེ་འཛིན་པའི་གཙོ། །མཚུངས་མེད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །དྲན་པ་ཙམ་གྱིས་འཆི་མེད་ཚེ་ཡི་དཔལ། །སྟེར་མཛད་ལྷ་མཆོག་རྣམ་གསུམ་བྱིན་མཐུ་ཡིས། །ཟླ་མེད་མཆོག་སྤྲུལ་བསྐལ་བརྒྱར་རྟག་བརྟན་ཅིང༌། །འཕྲིན་ལས་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག།།ཅེས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་༧རྗེ་ངག་དབང་ཆོས་འཕེལ་བའི་མཆོག་སྤྲུལ་ཀྱི་ཞབས་བརྟན་གསོལ་འདེབས་འདི་ནི་དད་ལྡན་ཡེ་ཤེས་བཟང་བོས་བསྐུལ་བའི་ངོར་ ༧ དབྱངས་ཅན་བཞད་པས་བྲིས་པའོ།།  
༄༅། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པའི་བསྟན། །འཕེལ་མཛད་མཁྱེན་པའི་དཀྱིལ་འཁོར་རབ་རྫོགས་ཤིང༌། །གཞན་ཕན་འཕྲིན་ལས་འོད་དཀར་སྣང་བ་ཅན། །ཐར་འདོད་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། ། ཅེས་པ་འདིའང་ངག་དབང་གྲགས་བའི་འདོད་མོས་ལྟར་༧དབྱངས་ཅན་བཞད་པས་བྲིས་པའོ། །
འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པ་ཡི། །དྲི་བྲལ་རིང་ལུགས་འདབ་སྟོང་དགའ་བའི་ཚལ། །རྒྱས་མཛད་མཁྱེན་རབ་ཉིན་བྱེད་འོད་སྣང་ཅན། །དད་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བདག་ཅག་སྐྱེ་ཀུན་མགོན་པོ་ཁྱོད་ཉིད་ཀྱིས། །རྗེས་བཟུང་གདམས་ངག་བདུད་རྩིའི་ལེགས་བསྐྱངས་ནས། །སྨིན་གྲོལ་ལམ་བཟང་བགྲོད་བ་མཐར་ཕྱིན་ཏེ། །སྐུ་གསུམ་གོ་འཕང་ཚེ་འདིར་ཐོབ་པར་ཤོག།།ཅེས་པ་འདིའང་དགེ་སློང་དཀོན་མཆོག་བཟང་པོ་དང༌། ཚུལ་ཁྲིམས་གཉིས་ཀྱིས་བསྐུལ་བ་ལྟར་༧ དབྱངས་ཅན་བཞད་པས་བྲིས་པའོ།།  
༄༅། །ཧཱུཾ་འཇམ་དཔལ་ཞི་ཁྲོ་བཀའ་སྡོད་གཤིན་རྗེའི་གཙོ། །ཆོས་ཀྱི་རྒྱལ་པོ་ཡུམ་ཆེན་ཙམུཎྚི། །ཕོ་བརྒྱད་མོ་བརྒྱད་གཤིན་རྗེའི་དམག་ཚོག་རྣམས། །མ་གཡེལ་གང་བཅོལ་ལས་རྣམས་ཚུལ་བཞིན་བསྒྲུབ། །དཔལ་ལྡན་བླ་མའི་སྐུ་ཚེ་སྐལ་བརྒྱར་བརྟན། །བསྟན་འགྲོར་སྨན་པའི་མཛད་བཟང་ཟླ་ལྟར་འཕེལ། །སྡེ་འདིར་མི་འདོད་ཉེར་འཚེ་ཀུན་ཞི་ནས། །ཆོས་དང་སྲིད་ཀྱི་ལེག་ཚོགས་རྒྱས་པར་མཛོད། །བླ་བྲང་ཆེན་མོའི་དཔོན་གཡོགས་སྡེ་འབངས་དང༌། །ཡུལ་ཕྱོགས་རྣམས་སུ་རྒུད་ཚོགས་ཉེར་ཞི་ནས། །ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་རབ་རྒྱས་ཏེ། །ལས་བཞིའི་འཕྲིན་ལས་ལྷུན་གྱི་འགྲུབ་བར་མཛོད།། ། །

དཔྱད་མཆན་སྤེལ།